བྱམས་བརྩེའི་ཐུགས་ཁུར་ལས་ལྕག་སྐུལ་ཆེན་པོ་ཐེབས་པ།

2018-05-25 10:54:05

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་...

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གཏམ་གཉིས་པ།

ལྗོན་ཤིང་རྩེ་མོ་མཐོ་ཡང་རྩ་བ་ལྡན། ཆུ་བོ་བཞུར་རྒྱུན་རིང་ཡང་ཆུ་མགོ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་67སོང་བའི་ལོ་རྒྱུས་ནི་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་དམིགས་བསལ་ཐུགས་ཁུར་གནང་བའི་ལོ་རྒྱུས་ཤིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་། དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་ལ་སྦྲེལ་བའི་ལོ་རྒྱུས་ཤིག་ཀྱང་རེད།

ཀྲུང་གོ་གུང་ཁྲན་ཏང་ཕེབས་པ་ནས་བཟུང་བོད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པ་དང་། བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག བོད་འཕེལ་རྒྱས་མྱུར་པོ་ཕྱིན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྒྱུར་བཅོས་སྒོ་དབྱེའི་དུས་རབས་གསར་པར་བསྐྱོད་པ། བློ་མཐུན་ཅང་ཙེ་མིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་པ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་སྐྱོང་བོད་བརྟན་གྱི་རྣམ་པ་གསར་པ་ཞིག་བཏོད་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུ་བྱུང་ཡོད།

མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་ལ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཐུགས་ཁུར་ཟབ་ཤོས་དང་། སྲིད་ཇུས་ཡག་ཤོས། རྒྱབ་སྐྱོར་མང་ཤོས་བཅས་ཐོབ་ཡོད། ཞི་བས་བཅིངས་འགྲོལ་དང་། དམངས་གཙོ་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དུས་རབས་གསར་པ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལ་རོགས་སྐྱོར་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་སྔ་རྗེས་སུ་འཚོགས་པས་ཕྱོགས་ཡོངས་དང་། བང་རིམ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་རྣམ་ཞིག་ཆགས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། དེ་སྔ་ཧྥུའུ་ཅན་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་ཕྱག་ལས་གནང་དུས་ནས་བོད་ཡར་རྒྱས་གོང་འཕེལ་ཡོང་བར་ཐུགས་འཕྲེང་དང་མཐོང་ཆེན་པོ་གནང་ཞིང་། 2011ལོའི་ཟླ་7པར། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཕེབས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་མཚོན་པར་གནང་བ་དང་། 2013ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་མ་ཟད། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་གནང་མཛད་པ། 2015ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་ཡང་གནང་ནས་ང་ཚོར་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། གཞི་རྩའི་མཛུབ་ཁྲིད། རྩ་བའི་གཞི་འཛིན་ས་བཏོན་པ་བཅས་གནང་ཡོད། 2015ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་”ཞེས་པའི་མཛུབ་སྟོན་གལ་ཆེན་གནང་བ། 2017ལོའི་ཟླ་10པར། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་མ་ཐག་པའི་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་གནང་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས་པའི”ཐུགས་རེ་ཟབ་མོ་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་ཁྲི་གཅིག་ཙམ་ཟིན་པའི་མ་འཇོག་རྣམ་གྲངས་གལ་ཆེན་གཏན་འཁེལ་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་གནང་བ་བཅས་རེད།

ཏང་གི་གཟི་བྱིན་མཐའ་མཚམས་ཡུལ་ལ་འཕྲོས། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ཁར། “བློ་བརྟན་འགྱུར་མེད་ལྔ་དང་འགན་ལེན་ལྔ”ལ་དམིགས་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱི་སྒོ་ནས་བོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་གོམ་སྟབས་གསར་པ་སྤོས་ནས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་གྲས་སུ་སླེབས་ཡོད།

ལོ་རྒྱུས་ཀྱི་འཁོར་རྒྱུན་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པ་དང་དུས་རབས་ཀྱི་རླབས་རྒྱུན་ནི་འགོག་ཐབས་བྲལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཉེ་འགྲམ་དུ་བྱུང་བའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལས་ཀྲུང་གོ་གུང་ཁྲན་ཏང་མཁས་མཛངས་ལྡན་ཞིང་རླབས་ཆེ་བ་ཞིག་ཡིན་པ་གཏིང་ཟབ་ཚོར་ལ་རྒྱ་མཚོ་ལྟར་ཟབ་པའི་ཏང་ཀྲུང་དབྱང་གི་བཀའ་དྲིན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་ཀྱང་ཚོར་ཡོད། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་གོང་བཀུར། ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག བློ་ཁོག་ཆེན་པོས་མདུན་སྐྱོད་དང་བོད་ཀྱི་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱར་ནན་པོ་གཞིགས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་མགྱོགས་མྱུར་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་འགྲུབ་རྒྱུ་ཡིན་པའི་ཐུན་མོང་གི་སྐད་སྒྲ་བསྒྲགས་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།