2018ལོའི་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་ཞུ།

2018-03-06 15:04:17

2018ལོའི་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་ཞུ།རྒྱལ་ཡོངས་མི་དམངས་འཐུ...

2018ལོའི་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་ཞུ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས།

འཐུས་མི་རྣམ་པ།

ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་འདས་པའི་ལོ་ལྔའི་རིང་གི་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་རྒྱུ་དང་། ད་ལོའི་ལས་ཀར་གྲོས་འགོ་འདོན་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།

གཅིག འདས་པའི་ལོ་ལྔའི་ལས་ཀར་ཕྱིར་དྲན་བྱས་པ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ནས་བཟུང་གི་ལོ་ལྔ་ནི་རང་རྒྱལ་འཕེལ་རྒྱས་བྱུང་རིམ་ཁྲོད་དུ་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། རྒྱལ་ཕྱི་རྒྱལ་ནང་གི་གནས་བབ་རྙོག་འཛིང་ཤིན་ཏུ་ཆེ་བའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་ཞུན་བརྡར་མདུན་སྐྱོད་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་ཐོག་སྐུལ་སྤེལ། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་བཅས་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྣམ་པ་གསར་པ་བཏོད་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གོ་གནས་གཏན་འཁེལ་གནང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་པའི་བརྗིད་ཉམས་ཆེ་བའི་དམིགས་འབེན་དང་བྱ་སྤྱོད་ཀྱི་རྩ་འཛིན་གཏན་ལ་ཕབ་པས། འཕྲལ་མའི་དོན་སྙིང་དང་ཕུགས་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་པ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔ་ལྟོས་ཀྱི་འདུ་ཤས་བཅས་རྒྱུན་མ་ཆད་པར་ཆེ་རུ་བཏང་བ་དང་། འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་པས། “ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ལམ་ལྷོང་ཡག་པོ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་བདེ་བླག་ངང་ལག་བསྟར་བྱས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ཡོད།

ལོ་ལྔའི་རིང་ལ། དཔལ་འབྱོར་སྟོབས་ཤུགས་སྐས་རིམ་གསར་པར་འཛེགས་ཐུབ་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་54ནས་དུང་ཕྱུར་ཁྲི་82.7བར་འཕར་ཞིང་། ལོ་རེར་ཆ་སྙོམས་7.1%རེ་འཕར་ཏེ་འཛམ་གླིང་དཔལ་འབྱོར་བསྡུར་ཚད་ཀྱི་11.4%ཟིན་པ་ནས་15%ཡས་མས་སུ་འཕར་བས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུད་ཚད་30%ལས་བརྒལ་བ་རེད། ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་11.7ནས་དུང་ཕྱུར་ཁྲི་17.3བར་འཕར་བ་རེད། གྲོང་མིའི་འཛད་སྤྱོད་རིན་གོང་ལོ་རེར་ཆ་སྙོམས་1.9%འཕར་ཏེ་ཆ་ཚད་དམའ་ཙམ་རྒྱུན་འཁྱོངས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀར་ཞུགས་མི་ཁྲི་6600ཡན་འཕར་ཏེ། མི་གྲངས་དུང་ཕྱུར་13ལྷག་ཙམ་གྱི་རྒྱལ་ཁབ་ཆེན་མོར་ལས་ཞུགས་ཅུང་མང་ཙམ་ཡོང་བར་བྱེད་ཐུབ་ཡོད།

ལོ་ལྔའི་རིང་ལ། དཔལ་འབྱོར་གྲུབ་ཚུལ་ལ་འཕོ་འགྱུར་གལ་ཆེན་བྱུང་ཡོད། འཛད་སྤྱོད་ཀྱིས་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་54.9%ནས་58.8%བར་འཕར་བ་དང་། ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་45.3%ནས་51.6%བར་འཕར་ཏེ། དཔལ་འབྱོར་འཕེལ་བའི་སྒུལ་ཤུགས་གཙོ་བོར་གྱུར་པ་རེད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལོ་རེར་11.7%འཕར་བ་རེད། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་རྒྱ་མ་དུང་ཕྱུར་ཁྲི་1.2ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་52.6%ནས་58.5%བར་འཕར་བ་དང་། ཞིང་ལས་གནས་སྤོས་མི་གྲངས་ཁྲི་8000ལྷག་ཙམ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་གྱུར་པ་རེད།

ལོ་ལྔའི་རིང་ལ། གསར་གཏད་སྐུལ་སྤེལ་གྱི་འཕེལ་རྒྱས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ལ་འཇོག་བྱ་ལོ་རེར་11%འཕར་བ་དང་། འཇོག་ཁྱོན་འཛམ་གླིང་གི་ཨང་གཉིས་པ་ཟིན་པ་རེད། ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུད་ཚད་52.2%ནས་57.5%བར་འཕར་ཡོད། མི་བཞུགས་འཇིག་རྟེན་འཕུར་སྐྱོད་དང་། མཚོ་གཏིང་བརྟག་ཞིབ། ཚད་རྡུལ་འཕྲིན་གཏོང་། གནམ་གྲུ་ཆེ་རིགས་སོགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཆད་མེད་ཐོན་པ་རེད། མྱུར་བགྲོད་མེ་འཁོར་དྲ་སྦྲེལ་དང་། གློག་རྡུལ་ཚོང་དོན། སྒུལ་འཕྲིན་དངུལ་སྤྲོད། དཔལ་འབྱོར་མཉམ་སྤྱོད་སོགས་ཀྱིས་འཛམ་གླིང་འཕེལ་ཕྱོགས་ཀྱི་སྣེ་ཁྲིད་ཀྱི་ཡོད། ལས་རིགས་ཁག་ཏུ་“དྲ་སྦྲེལ་+”རྒྱ་ཁྱབ་ཏུ་ལྷན་འདྲེས་བྱུང་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཏེ། ཉིན་རེའི་ཁེ་ལས་གསར་བཙུགས་ཆ་སྙོམས་5སྟོང་ལྷག་ཙམ་ནས་ཁྲི་1དང་6སྟོང་ལྷག་ཙམ་དུ་འཕར་ཡོད། སྒུལ་ཤུགས་གསར་པ་མྱུར་དུ་འཕེལ་ཏེ། དཔལ་འབྱོར་འཕེལ་གཞི་བསྐྱར་མ་གཏོད་བཞིན་ཡོད་པས། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འཕོ་འགྱུར་གཏིང་ཟབ་བྱུང་ཞིང་། ཀྲུང་གོའི་གསར་གཏོད་འཕེལ་རྒྱས་ཀྱི་མཚོན་རྟགས་གསར་པར་གྱུར་ཡོད།

ལོ་ལྔའི་རིང་ལ། སྒྱུར་བཅོས་སྒོ་འབྱེད་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པ་དང་། གནས་མང་འགག་སྒྲོལ། སྐུལ་སྤེལ་གཏིང་ཟབ་བཅས་བྱས་པས། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ཐོལ་བརྒལ་ངང་ཚུལ་གྱི་འཕེལ་རྒྱས་བྱུང་ཡོད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་བཟང་འགྱུར་སོགས་པའི་སྒྱུར་བཅོས་བྱས་པས་སྲིད་གཞུང་གི་འགན་ནུས་ལ་འཕོ་འགྱུར་གཏིང་ཟབ་ཡོང་བའི་སྐུལ་འདེད་ཐེབས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་མངོན་གསལ་ཇེ་ཆེར་ཕྱིན་ཡོད། “རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་གྲུབ་ཚུལ་བཟང་པོར་གྱུར་ཅིང་། གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

ལོ་ལྔའི་རིང་ལ། མི་དམངས་ཀྱི་འཚོ་བ་བསྟུད་མར་ལེགས་བཅོས་བྱུང་ཡོད། དབུལ་བྲལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། དབུལ་ཕོངས་མི་གྲངས་ཁྲི་6800ལྷག་ཙམ་ཉུང་དུ་བཏང་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་ཁྲི་830བྱས་པ་དང་། དབུལ་པོར་འགྱུར་ཚད་10.2%ནས་3.1%བར་ཆག་ཡོད། གྲོང་མིའི་ཡོང་འབབ་ལོ་རེར་ཆ་སྙོམས་7.4%འཕར་ཞིང་། དཔལ་འབྱོར་འཕར་ཚད་ལས་ཀྱང་བརྒལ་ཏེ། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཚོགས་པར་གྱུར་ཡོད། རྒྱལ་ཁོངས་ཕྱི་རུ་ཡུལ་སྐོར་དུ་བསྐྱོད་མི་ཐེངས་གྲངས་ཁྲི་8300ནས་དུང་ཕྱུར་1དང་བྱེ་བ་3བར་འཕར་ཡོད། སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ཁེབས་ཚད་མི་གྲངས་དུང་ཕྱུར་9ལྷག་ཙམ་ཟིན་པ་དང་། མ་མཐའི་སྨན་བཅོས་འགན་བཅོལ་ཁེབས་ཚད་མི་གྲངས་དུང་ཕྱུར་13.5ཟིན་ཏེ། འཛམ་གླིང་ཐོག་སྤྱི་ཚོགས་འགན་སྲུང་གི་དྲ་བ་ཆེ་ཤོས་བསླས་ཡོད། མི་རེའི་སྔོན་དཔག་ཚེ་ཚད་76.7རུ་ཟིན་ཡོད། སྡོད་ཁང་ཐབས་ཆག་ཁུལ་གྱི་ཁང་པ་ཆ་འགྲིག་ཁྲི་2600ལེགས་བཅོས་དང་། གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་ཐེམ་དུད་ཁྲི་1700ལྷག་ཙམ་ལེགས་བཅོས་བྱས་ཏེ། མི་དམངས་དུང་ཕྱུར་ཡན་ཁང་པ་གསར་པར་སྤོས་ཡོད།

ལོ་ལྔའི་རིང་ལ། སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་རིམ་བཞིན་ཇེ་བཟང་དུ་གྱུར་ཡོད། རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་“བཅུ་ཁག་”གསུམ་གཏན་འབེབས་ལག་བསྟར་བྱས་པ་མ་ཟད་ཕན་འབྲས་ཀྱང་ཏན་ཏིག་ཐོབ་ཡོད། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་། ཆུ་ཟད་གྲོན་ཆ་སྙོམས་20%ཡན་ཆག་པ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་བསྟུད་མར་ཆག་པ། གྲོང་ཁྱེར་གཙོ་བོའི་སྦགས་བཙོག་ཆེ་བའི་ཉིན་གྲངས་ཕྱེད་ཀ་ཙམ་ཆག་པ། ཤིང་ནགས་ཀྱི་རྒྱ་ཁྱོན་མུའུ་དུང་ཕྱུར་1.63འཕར་བ། བྱེ་འགྱུར་ས་ཁྱོན་ལོ་རེར་སྤྱི་ལེ་གྲུ་བཞི་མ་2000ལ་ཉེ་བ་ཇེ་ཆུང་དུ་བཏང་བ་བཅས་བྱས་པས། སྔོ་ལྗང་གི་འཕེལ་ཚུལ་དགའ་འོས་པའི་རྣམ་པ་ཐོན་ཡོད།

འདས་མ་ཐག་པའི་2017ལོར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་འགྲུབ་པ་མ་ཟད་སྔོན་དཔག་ལས་ཀྱང་བཟང་བ་བྱུང་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.9%འཕར་བ་དང་། གྲོང་མིའི་ཡོང་འབབ་7.3%འཕར་ཡོད། འཕར་བའི་མྱུད་ཚད་ན་ནིང་ལས་མགྱོགས་ཙམ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1351འཕར་ཞིང་། ལས་ཀ་ཤོར་ཚད་ནི་ལོ་མང་རིང་གི་ཉུང་ཤོས་ཡིན། བཟོ་ལས་འཕེལ་རྒྱས་ཀྱི་མྱུར་ཚད་སླར་གསོ་བྱུང་བ་དང་། ཁེ་ལས་ཀྱི་ཁེ་སྤོགས་21%འཕར་ཡོད། ནོར་སྲིད་ཀྱི་ཡོང་འབབ་7.4%འཕར་ཏེ། འཕར་ཚད་དལ་ཚུལ་གྱི་ཁ་ཕྱོགས་བསྒྱུར་ཡོད། ཕྱིར་གཏོང་ནང་འདྲེན་14.2%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་1363དངོས་སུ་བེད་སྤྱད་པས། ལོ་རྒྱུས་ཐོག་མཐོ་ཤོས་ཟིན་ཡོད། དཔལ་འབྱོར་འཁོར་སྐྱོད་ཀྱི་འཕེལ་ཚུལ་དེ་སྤུས་ཚད་དང་། གྲུབ་ཚུལ། ཕན་འབྲས་བཅས་དང་ཆར་པ་ཆུ་གྲོགས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། འདི་ནི་ལོ་ལྔའི་རིང་སྲིད་ཇུས་གལ་ཆེན་རབ་དང་རིམ་པའི་ཕན་འབྲས་བསགས་པ་དང་། ཕྱོགས་གང་ཅིས་འབད་བརྩོན་ལྷོད་མེད་བྱས་པ་དང་། སྙིང་རུས་གཏན་འཁྱོངས་བྱས་པའི་འབྲས་བུ་རེད།

འདས་པའི་ལོ་ལྔའི་ནང་ཕྱོགས་གང་ཅིར་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། འཕོ་འགྱུར་གཏིང་རིམ་ཟབ་མོ་དང་རྩ་བའི་རང་བཞིན་ལྡན་པ་བྱུང་བར། འཛམ་གླིང་ཀུན་གྱིས་ཡང་བསྐྱར་དོ་སྣང་བྱེད་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཧུར་སེམས་འཕེལ་ཞིང་སྤོབས་པ་རྒྱས་བཞིན་ཡོད།

ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་བཀོད་པ་ང་ཚོས་ལག་ལེན་ནན་ཏན་བྱས་ཏེ། གཤམ་གསལ་གྱི་ལས་དོན་གཙོ་བོར་བསྒྲུབས་ཡོད།

(གཅིག) བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་ཚང་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་སྟོང་དུ་རྒྱུན་མཐུད་དང་། བརྟན་པོའི་ངང་ནས་འཕེལ་ཕྱོགས་བཟང་འགྱུར་ཡོང་བ་མངོན་འགྱུར་བྱས་ཡོད། ཉེ་ལོའི་རིང་ལ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པས། རྒྱལ་སྤྱིའི་དངུལ་རྩའི་ཚོང་ར་འཕར་ཆག་ཆེ་བ་དང་། སྲུང་སྐྱོང་རིང་ལུགས་ཀྱི་མགོ་འདེགས་པ་མངོན་གསལ་རེད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་གྲུབ་ཚུལ་རང་བཞིན་གྱི་གནད་དོན་དང་གཏིང་རིམ་ཟབ་པའི་འགལ་བ་མངོན་གསལ་དོད་པོ་ཡིན་པ་དང་། དཔལ་འབྱོར་ཆག་གིས་དོགས་པའི་སེམས་ངལ་བསྟུད་མར་ཇེ་ཆེར་སོང་སྟེ། བྱ་དཀའ་བྱེད་གཏད་ཀྱི་གདམ་ག་མི་ཉུང་བ་འཕྲད་ཡོད། གནས་བབ་འདི་འདྲའི་མདུན་དུ། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། “ཞིང་ཆུ་ལེབ་གཏོང་”ལྟ་བུའི་ངར་སྐུལ་ཆེན་པོ་བྱེད་པ་མཐའ་འཁྱོངས་མ་བྱས་པར། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱུན་རྣམ་གསར་པའི་སྣེ་ཁྲིད་ཁོང་དུ་འཚམ་པོ་ཆུད་པར་བྱས་ནས། བརྟན་པོར་འཕར་བ་དང་། སྒྱུར་བཅོས་ལ་ཡར་སྐུལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉམས་ཉེན་འགོག་པ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། སྤྱི་ཁོག་སྙོམས་སྒྲིག་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་ཚང་བྱས་པ་དང་། བར་སྟོང་སྙོམས་སྒྲིག་གི་བསམ་གཞི་དང་བྱེད་སྟངས་གཏན་འཁེལ་བྱས་ཏེ། ཕྱོགས་ངེས་སྙོམས་སྒྲིག་དང་། སྐབས་བསྟུན་སྙོམས་སྒྲིག གནད་སྨིན་སྙོམས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་བཏང་ཡོད། དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་སྟོང་དུ་གནས་པ་དང་། ལས་ཞུགས་འཕར་བ། ཡོང་འབབ་འཕར་བ། ཁོར་ཡུག་ལེགས་བཅོས་བཅས་བྱུང་ན། སེམས་ཤུགས་ཆིག་སྒྲིལ་གྱིས་སྒྱུར་བཅོས་ལ་ཡར་སྐུལ་དང་། གྲུབ་ཚུལ་ལེགས་སྒྲིག སྒུལ་ཤུགས་སྣོན་པ་བཅས་བྱེད་དགོས་པའི་ནན་བཤད་གསལ་པོར་བྱས་ཡོད། དེང་གི་དུས་ལ་ཕན་ཁར་ཕུགས་ལ་དེ་བས་ཀྱང་ཕན་པའི་བྱེད་ཐབས་སྤྱད་དེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ལ་སྐུལ་སྤེལ་གང་ཐུབ་བྱས་པ་དང་། སྤྱི་ཡོངས་ཀྱི་དགོས་མཁོ་ཆེ་རུ་འཚམ་པོར་བཏང་ནས། གནས་རིམ་སྔར་ལས་མཐོ་བའི་མཁོ་སྤྲོད་ཀྱི་འགུལ་རྣམ་ལ་དོ་མཉམ་ཡོང་བར་བྱས་ཡོད། དཀའ་ཚེགས་ཆེ་བའི་འབད་འཐབ་བྱེད་པར་བརྟེན་ནས། ང་ཚོས་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཐེག་པར་བྱས་ཏེ། “ཨུ་ཚུགས་ཀྱིས་སྙོམས་”མི་དགོས་པར་བྱུང་ཞིང་། དཔལ་འབྱོར་འཕར་ཚད་འབྲིང་མྱུར་རྒྱུན་མཐུད་བྱས་པས། གྲུབ་ཚུལ་བཟང་འགྱུར་ཐུབ་སྟེ། དཔལ་འབྱོར་རྒྱུན་རིང་བཟང་འགྱུར་གྱི་གཞི་རྩའི་རྣམ་པ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད།

དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་མཐའ་འཁྱོངས་བྱས་ཡོད། ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་ཆེ་ཙམ་གྱི་གནས་ཚུལ་འོག “མཐུན་རྐྱེན་གསར་སྐྲུན་”གྱིས་གཏིང་ཤུགས་ཆེ་རུ་གཏོང་བར་དམིགས་ནས། རང་རྒྱལ་གྱིས་སྔོན་ལ་ཁྲལ་གྲོན་ཆེས་ཆེར་བཅག་ཡོད། གོམ་རིམ་དབྱེ་ནས་ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པས། ལོ་ངོ་66རིང་ལས་གཉེར་གྱི་དཔྱ་ཁྲལ་བསྡུ་བའི་ལོ་རྒྱུས་མཇུག་བསྒྲིལ་ཏེ། ཁྱོན་བསྡོམས་དཔྱ་ཁྲལ་གཅོག་ཚད་སྒོར་དུང་ཕྱུར་ཁྲི་2ལས་བརྒལ་ཁར། ཁེ་ལས་ཆུང་ཕྲན་གྱི་ཁྲལ་བསྡུ་གཟིགས་སྐྱོང་བྱས་པ་དང་། རིན་དངུལ་སྣ་ཚོགས་གཙང་བཤེར་སོགས་པའི་བྱེད་ཐབས་སྤྱད་པ་བསྣན་ན། ཚོང་རའི་བྱེད་པོའི་འཁུར་པོ་ཁྱོན་བསྡོམས་སྒོར་དུང་ཕྱུར་ཁྲི་3ཇེ་ཡང་དུ་བཏང་ཡོད། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ས་གནས་སྲིད་གཞུང་གི་བུ་ལོན་གསོག་གྲངས་བརྗེ་སྒྱུར་བྱས་ནས། ཁེ་སྤོགས་ཀྱི་ཁུར་པོ་སྒོར་དུང་ཕྱུར་ཁྲི་1.2བཅག་ཡོད། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། ཕྱིར་བསྡུ་མི་ཐུབ་པའི་མ་རྩ་གང་འགབ་ཅི་སྤྱོད་བྱས་པ་དང་། མ་མཐའི་དམངས་འཚོ་དང་རྣམ་གྲངས་གཙོ་གནད་འགན་སྲུང་བྱས་ཡོད། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་3%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། དངུལ་ལོར་གྱི་སྲིད་ཇུས་བརྟན་གནས་ཐུབ་པར་བྱས་པ་དང་། ཁྱབ་ཆེའི་དངུལ་ལོར་M2འཕར་ཚད་ཆག་ཚུལ་ཐོན་ཞིང་། ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་ཁྱོན་འཚམ་པོར་འཕར་ཡོད། ཕྱོགས་ངེས་གཏན་འཁེལ་གྱིས་བཅོལ་དངུལ་གྲབས་འཇོག་བྱེད་ཚད་བཅག་པ་དང་། ཆེད་དོན་གྱི་དངུལ་བུན་བསྐྱར་མ་གཏོང་བ་སོགས་ཁྱད་པར་ཡོད་པའི་སྲིད་ཇུས་ལ་བརྟེན་ནས། ཁྱབ་ཁོངས་གཙོ་བོ་དང་ལྷུ་ཚིགས་ཞན་སར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་ཆུང་ཕྲན་ལ་དངུལ་བུན་གཏོང་བའི་མྱུར་ཚད་དེ་དངུལ་བུན་གཏོང་རིགས་གཞན་པའི་ཆ་སྙོམས་མྱུར་ཚད་ལས་མགྱོགས་པ་བྱུང་ཡོད། དངུལ་བརྗེས་འཛའ་ཐང་ཚོང་ར་ཅན་དུ་འགྱུར་བའི་ལམ་སྲོལ་སྒྱུར་བཅོས་འཐུས་ཚང་བྱས་པ་དང་། མི་དམངས་ཤོག་སྒོར་གྱི་འཛའ་ཐང་རྩ་བའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཅིང། ཕྱི་དངུལ་གསོག་འཇོག་ཆག་པ་ནས་འཕར་བར་གྱུར་ཡོད། “དངུལ་དཀོན་པོ་”སོགས་དངུལ་རྩའི་ཚོང་ར་དུས་རྒྱུན་དང་མི་འདྲ་བར་འཕར་ཆག་ཆེ་ཚུལ་ལ་ཁ་གཏད་འཚམ་པོར་བཅལ་ཞིང་། དངུལ་རྩའི་ཚོང་རའི་སྒྲིག་ལམ་ཚད་ལྡན་བཟོས་པ་དང་། ཁྱབ་ཁོངས་གཙོ་བོའི་ཉམས་ཉེན་འགོག་སེལ་བྱས་པས། རྒྱུད་ཁོངས་རང་བཞིན་གྱི་ཉམས་ཉེན་མི་ཡོང་བའི་མཚམས་ཚད་སྲུང་ཐུབ་སྟེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱས་ཡོད།

(གཉིས།) མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱས་ཏེ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་གང་ཐུབ་བྱས་པས། དཔལ་འབྱོར་གྲུབ་ཚུལ་བཟང་འགྱུར་རིམ་འཕར་མགྱོགས་པོ་བྱུང་ཡོད། སྒྱུར་བཅོས་ལ་རྩེ་གཅིག་ཏུ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་གྲུབ་ཚུལ་དོ་མི་མཉམ་པའི་དཀའ་གནད་སེལ་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། སྲོལ་རྒྱུན་གྱི་ཐོན་ལས་ལེགས་བཅོས་རིམ་སྤོར། མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཡོད།

“གསུམ་དོར་གཅིག་གཅོག་གཅིག་གསབ་”ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། ལོ་ལྔའི་རིང་ལ། ཨར་འདམ་དང་། ཤེལ་སྒོ་ངོས་འཇམ་སོགས་པའི་ཐོན་ནུས་རྗེས་ལུས་དོར་བའི་རྨང་གཞིའི་ཐོག ངར་ལྕགས་དང་། རྡོ་སོལ་སོགས་པའི་ལས་རིགས་གཙོ་གནད་དུ་བཟུང་སྟེ་ཐོན་ནུས་དོར་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1000བཀོད་སྒྲིག་བྱས་ནས། ལས་བཟོ་པ་ཆ་བགོས་བཀོད་སྒྲིག་བྱེད་རོགས་ལ་སྤྱད་ཡོད། ངར་ལྕགས་ཐོན་ནུས་ཏུན་དུང་ཕྱུར་1.7ཡན་དང་། རྡོ་སོལ་ཐོན་ནུས་ཏུན་དུང་ཕྱུར་8ཕྱིར་འཐེན་ཡོད། ལས་བཟོ་པ་མི་གྲངས་ཁྲི་110ལྷག་ཙམ་ཆ་བགོས་བཀོད་སྒྲིག་བྱས་ཡོད། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་དོན་འཁྱོལ་རིགས་དབྱེ་སློབ་སྟོན་བྱས་པ་དང་། གྲོང་ཁྱེར་རིམ་པ་གསུམ་པ་བཞི་པའི་ཚོང་ཟོག་སྡོད་ཁང་གསོག་ཉར་དོར་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གནད་ཆེའི་གྲོང་ཁྱེར་གྱི་ཁང་གོང་འཕར་ཚུལ་ཚོད་འཛིན་ཐུབ་ཡོད། ཧུར་བརྩོན་དང་བརྟན་ལྷིང་ངང་ནས་བཀན་ཤིང་དོར་བ་དང་། བུ་ལོན་གཏོང་ཁྱོན་ཚོད་འཛིན། རྐང་དབང་དངུལ་སྡུད་ཇེ་ཆེ་བཅས་བྱས་པས། བཟོ་ལས་ཁེ་ལས་ཀྱི་མ་རྩའི་བུ་ལོན་ཟུག་ཚད་བསྟུད་མར་ཆག་པ་དང་། སྤྱི་ཁོག་གི་བཀན་ཤིང་ནུས་ཕྱོད་འཕར་ཚད་མངོན་གསལ་ཇེ་ཆུང་དུ་སོང་སྟེ། སྤྱིའི་ཆ་ནས་བརྟན་པོར་གྱུར་ཡོད། ཐབས་མང་མཉམ་སྤྱོད་ཀྱིས་མ་གནས་བཅག་པ་དང་། སྲིད་གཞུང་གི་ངོ་བོ་ལྡན་པའི་ཐེབས་རྩའི་རྣམ་གྲངས་30%གཅོག་འཐེན་བྱས་པ། ཀྲུང་དབྱང་སྲིད་གཞུང་རིམ་པས་བཟོས་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་རིན་དངུལ་བསྡུ་རིགས་ཀྱི་རྣམ་གྲངས་60%ཡན་འཕྲི་གཅོག་བྱས་པ། “འགན་བཅལ་ལྔ་དང་གསག་དངུལ་གཅིག་”གི་རིན་དངུལ་འཇལ་སྤྲོད་ཀྱི་བསྡུར་ཚད་དུས་རིམ་དང་ལྡན་པར་བཅག་པ། ནུས་སྤྱོད་དང་། དངོས་ཟོག་འགྲེམས་སྐྱེལ། གློག་འཕྲིན་སོགས་པའི་མ་གནས་ཆག་པར་སྐུལ་འདེད་བཅས་བྱས་ཡོད། གཙོ་གནས་འབུར་ཐོན་གྱིས་ཞན་ཆ་གསབ་ནུས་ཇེ་ཆེར་བཏང་ཡོད།

འཕེལ་རྒྱས་ཀྱི་སྒུལ་ནུས་གསར་རྙིང་འབྲེལ་མཐུད་བརྗེ་སྒྱུར་ཇེ་མགྱོགས་སུ་བཏང་ཡོད། “དྲ་སྦྲེལ་+”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ལྟ་སྐུལ་དོ་དམ་ཁོང་ཡངས་གཟབ་ནན་བྱས་པ། གཞི་གྲངས་ཆེན་མོ་དང་། སྤྲིན་རྩིས། ཟོག་འབྲེལ་དྲ་བ་བཅས་བེད་སྤྱོད་ཁྱབ་ཆེན་ཡོང་བར་བྱས་པ། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ། སྲོལ་རྒྱུན་གྱི་ཐོན་ལས་བསྐྱར་བཟོ་གཏིང་ཟབ་བཅས་བྱས་ཡོད། “ཀྲུང་གོའི་བཟོ་སྐྲུན་2025ལོ་”ལག་བསྟར་བྱས་ཏེ། བཟོ་ལས་ཀྱི་རྨང་གཞི་བརྟན་པོ་དང་། རིག་ནུས་བཟོ་སྐྲུན། ལྗང་མདོག་བཟོ་སྐྲུན་སོགས་པའི་ལས་གཞི་གལ་ཆེན་ལ་སྐུལ་སྤེལ་བཏང་བས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་གཏོང་ཐབས་བཏོན་པ་དང་། ཞབས་ཞུའི་ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ་གློ་བུར་དུ་ཐོན་ཏེ། ལས་རིགས་ཁག་མཉམ་འདྲེས་རིམ་སྤོར་ཐུབ་པ་བྱུང་ཡོད། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ཟབ་ཏུ་བཏང་བ་དང་། གཉེར་སྐྱོང་བྱེད་པོ་དཔེ་གསར་མང་པོ་ཐོན་ཞིང་། འདེབས་འཛུགས་ལས་རིགས་ཀྱི་རྒྱ་ཁྱོན་གཉེར་སྐྱོང་འཚམ་པོར་བྱེད་པའི་བསྡུར་ཚད་30%ནས་40%བར་འཕར་ཡོད། བྱེད་ཐབས་སྤྱད་དེ་ཡོང་འབབ་མཐོ་འབྲིང་ཞན་གསུམ་གྱི་ཡོང་སྒོ་མང་དུ་བཏང་བ་དང་། སྲོལ་རྒྱུན་གྱི་འཛད་སྤྱོད་གནས་རིམ་སྤོར་བ་དང་། གསར་དར་འཛད་སྤྱོད་དར་ཁྱབ་མྱུར་ཅིང་། དྲ་ཐོག་གི་སིལ་འཚོང་བྱེད་ཚད་ལོ་རེར་ཆ་སྙོམས་30%ཡན་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར་ལོ་རེར་ཆ་སྙོམས་11.3%འཕར་ཡོད། དངུལ་འཇོག་གི་གྲུབ་ཚུལ་ཇེ་བཟང་དུ་བཏང་བ་དང་། དམངས་ཁྲོད་ཀྱི་དངུལ་འཇོག་ལ་བསྔགས་སྐུལ། སྲིད་གཞུང་གི་དངུལ་འཇོག་བཀན་ནུས་འདོན་སྤེལ་བཅས་བྱས་ཏེ། མ་དངུལ་སྔར་ལས་མང་པོ་རྨང་གཞི་ཟབ་ཏུ་གཏོང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་བཅས་ཀྱི་ཁྱབ་ཁོངས་སུ་གཏོང་བའི་ཁྲིད་སྟོན་བྱས་ཡོད། མྱུར་བགྲོད་མེ་འཁོར་གྱི་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་9000ལྷག་ཙམ་ནས་སྤྱི་ལེ་ཁྲི་2དང་5སྟོང་བར་རིང་དུ་བཏང་བས། འཛམ་གླིང་གི་སུམ་ཆ་གཉིས་ཟིན་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་9.6ནས་སྤྱི་ལེ་ཁྲི་13.6བར་རིང་དུ་བཏང་ཡོད། གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་དང་ལེགས་བཅོས་སྤྱི་ལེ་ཁྲི་127བྱས་པ་དང་། དམངས་སྐྱོད་གནམ་གྲུ་འབབ་ཐང་གསར་པ་46བསྐྲུན་པ། ཆུ་བེད་ཀྱི་ལས་གྲྭ་ཁག་གལ་ཆེན་122ལས་འགོ་བརྩམས་ཡོད། གྲོང་གསེབ་ཀྱི་གློག་དྲ་ལེགས་བཅོས་བྱེད་རིམ་གསར་པ་ལེགས་འགྲུབ་བྱུང་སྟེ། གོ་ལ་ཧྲིལ་པོའི་སྤོ་སྒུལ་གཤོང་ཆེའི་དྲ་སྦྲེལ་ཆེ་ཤོས་བསྐྲུན་ཐུབ་ཡོད། ལོ་ལྔའི་རིང་ལ། སྒུལ་ནུས་གསར་པ་འཕྲལ་མར་འཕེལ་རྒྱས་ཆེས་ཆེར་བྱུང་ཞིང་། དཔལ་འབྱོར་འཕེལ་བྱེད་གཙོ་བོ་མ་དངུལ་འཇོག་པ་དང་ཕྱིར་གཏོང་ལ་བརྟེན་པ་ནས་འཛད་སྤྱོད་དང་། མ་དངུལ་འཇོག་པ། ཕྱིར་གཏོང་གསུམ་མཐུན་སྦྱོར་བྱེད་རྒྱུར་བརྟེན་པར་བསྒྱུར་པ་དང་། གཙོ་བོ་ཐོན་ལས་གཉིས་པར་བརྟེན་ནས་སྐུལ་ཁྲིད་བྱེད་པ་ནས་ཐོན་ལས་རིམ་གསུམ་ལ་བརྟེན་ནས་ཐུན་མོང་ཐོག་སྐུལ་ཁྲིད་བྱེད་ཀྱི་ཡོད། འདི་ནི་ང་ཚོས་ལོ་མང་རིང་མངོན་འགྱུར་བྱེད་བསམས་རུང་མངོན་འགྱུར་མ་བྱུང་བའི་གྲུབ་ཚུལ་རང་བཞིན་གྱི་འཕོ་འགྱུར་གལ་ཆེན་ཞིག་རེད།

མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་ན། ཚོང་ར་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་བགོ་སྒྲིག་གི་འགལ་རྐྱེན་ངེས་པར་སེལ་བ་དང་། ལམ་ལུགས་ཀྱི་རང་བཞིན་ལྡན་པའི་ཉོ་ཚོང་གི་མ་གནས་གཅོག་དགོས། ཆོག་མཆན་འགོད་པར་མཐོང་ཆེན་དང་། ལྟ་སྐུལ་དོ་དམ་ལ་སྣང་ཆུང་། ཞབས་ཞུ་ཇེ་ཞན་དུ་བསྒྱུར་བ་བཅས་ཀྱི་གནད་དོན་ཡུན་རིང་གནས་པར་དམིགས་ཏེ། ང་ཚོས་“གློད་སྡོམ་ཞབས་ཞུ་”གསུམ་བསྟུད་མར་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་མགྱོགས་སུ་བཏང་བ། ཕྲ་མཐོང་གི་དོ་དམ་དང་ཐད་ཀར་ཐེ་ཇུས་བྱས་པ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་དོ་སྣང་བྱས་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ། སྤྱི་པའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བཅས་བྱས་ཡོད། ལོ་ལྔའི་རིང་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་གྱིས་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་དག་44%ཉུང་དུ་བཏང་བ་དང་། སྲིད་འཛིན་མ་ཡིན་པའི་ཆོག་འཐུས་མཆན་འགོད་རྦད་དེ་མཚམས་འཇོག་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་རིམ་པས་ཞིབ་མཆན་འགོད་པའི་ཁེ་ལས་ཀྱི་དངུལ་འཇོག་རྣམ་གྲངས་90%ཉུང་དུ་བཏང་བ་དང་། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་མཚམས་སྦྱོར་ཞབས་ཞུའི་དོན་དག་ཁག་74%ཇེ་ཉུང་དུ་བཏང་བ། ལས་རིགས་ཀྱི་ཐོབ་ཐང་ཆོག་འཐུས་དང་ངོས་འཛིན་བྱེད་པ་ཇེ་ཉུང་དུ་ཆེས་ཆེར་བཏང་བ་བཅས་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་གོང་ཐག་གཅོད་པའི་རྣམ་གྲངས་80%ཇེ་ཉུང་དུ་བཏང་བ་དང་། ས་གནས་སྲིད་གཞུང་གིས་གོང་ཐག་གཅོད་པའི་རྣམ་གྲངས་50%ཇེ་ཉུང་དུ་བཏང་ཡོད། བཟོ་ཚོང་ཐོ་འགོད་དང་། མ་རྩ་ཐོ་འགོད་སོགས་པའི་ཚོང་དོན་ལམ་ལུགས་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱས་པ་དང་། ཁེ་ལས་ཀྱིས་གཉེར་སྒྲུབ་བྱེད་ཡུན་སུམ་ཆ་གཅིག་ཡན་ཇེ་ཐུང་དུ་བཏང་ཡོད། ལས་དོན་སྒྲུབ་རིང་དང་བསྒྲུབས་པའི་རྗེས་ཀྱི་ལྟ་སྐུལ་གསར་གཏོད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”ལག་ལེན་བསྟར་བ་དང་། ཞིབ་བཤེར་པ་དང་ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་གྱིས་འཐེན་པ་དང་། ཞིབ་བཤེར་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པས། ལྟ་སྐུལ་དོ་དམ་གྱི་ཕན་ནུས་དང་དྲང་གཞག་གི་ངང་ཚུལ་ཆེ་རུ་ཕྱིན་ཡོད། “དྲ་སྦྲེལ་+སྲིད་དོན་ཞབས་ཞུ་”ཁྱབ་སྤེལ་བྱས་པ་དང་། གཅིག་འཐུས་རྣམ་པའི་ཞབས་ཞུ་སོགས་པའི་བྱེད་ཐབས་དོན་འཁྱོལ་བྱས་ཡོད། ཚོང་གཉེར་གྱི་ཁོར་ཡུག་མངོན་གསལ་ལེགས་བཅོས་དང་། ཚོང་རའི་གསོན་ཤུགས་མངོན་གསལ་ཆེ་རུ་སོང་བ། མང་ཚོགས་ཀྱི་དོན་དག་མངོན་གསལ་སྟབས་བདེ་བཅས་བྱུང་ཡོད།

(གསུམ།) གསར་གཏོད་ཀྱིས་སྣེ་ཁྲིད་འཕེལ་རྒྱས་མཐའ་འཁྱོངས་བྱས་པ་དང་། སྤྱི་ཚོགས་ཀྱི་གསར་སྐྲུན་བྱེད་ནུས་སྐུལ་སློང་གང་ཐུབ་བྱས་པས། སྤྱི་ཡོངས་ཀྱི་གསར་གཏོད་ནུས་པ་དང་ལས་ཆོད་མངོན་གསལ་ཆེ་རུ་ཕྱིན་ཡོད། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱས་ནས། གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོར་བསྒྱུར་པས། བྱེད་པོ་མང་པོས་མཉམ་རོགས་དང་། ཕྱོགས་གང་ཅིར་སྐུལ་སྤེལ་གྱི་གསར་གཏོད་བྱེད་ཚུལ་ཆགས་ཡོད། ཚན་ཞིབ་སྒྲིག་གཞི་དང་མཐོ་རིམ་སློབ་གྲྭའི་ཚན་ཞིབ་ཀྱི་རང་བདག་དབང་ཆ་ཆེ་རུ་བཏང་བ་དང་། ཚན་ཞིབ་ཀྱི་རྣམ་གྲངས་དང་འགྲོ་གྲོན་དོ་དམ་ལེགས་བཅོས་བྱས་ཤིང་། ཚན་རྩལ་གྲུབ་འབྲས་ཀྱི་ཁེ་དབང་ལ་དོ་དམ་དང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཡོད། པེ་ཅིང་དང་། ཧྲང་ཧའེ་ཚན་རྩལ་གསར་གཏོད་ལྟེ་གནས་སུ་སྐྲུན་པར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་གསར་14བཙུགས་ནས། ས་ཁོངས་ཀྱི་གསར་གཏོད་རྩེར་སོན་ཁུལ་ཁག་གཅིག་ཆགས་པར་སྣེ་ཁྲིད་བྱས་ཡོད། ཁེ་ལས་བྱེད་པོར་བྱས་ཏེ་ལག་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་མ་ལག་བསྐྲུན་པས། རྒྱལ་སྤྱིའི་ཐོག་འགྲན་ནུས་ལྡན་པའི་གསར་གཏོད་ཅན་གྱི་ཁེ་ལས་དང་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་དཔེ་གསར་ཁག་གཅིག་ཐོན་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་ཁྱབ་སྤེལ་གཏིང་ཟབ་དང་། ཀུན་ཕན་རང་བཞིན་གྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ། སྒོང་རུམ་ལྟ་བུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཡོད། ཚོང་རའི་བྱེད་པོའི་རིགས་སྣ་ཚོགས་ཁྲི་9800ལྷག་ཙམ་སླེབས་ཏེ་ལོ་ལྔའི་རིང་70%ཡན་འཕར་ཡོད། རྒྱལ་ནང་གི་ཕན་འབྲས་ལྡན་པའི་གསར་སྤེལ་ཆེད་ཁེ་མངའ་ཚད་ལྡབ་གཉིས་མང་དུ་ཕྱིན་པ་དང་། ལག་རྩལ་ཉོ་ཚོང་བྱེད་འབོར་ལྡབ་གཅིག་འཕར་ཡོད། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་རྗེས་སུ་སྙེག་པ་གཙོ་བོར་བྱེད་པ་ནས་ཁྱབ་ཁོངས་མང་པོར་འདྲ་མཚུངས་དང་སྣེ་འདྲེན་བྱེད་པར་གྱུར་ཏེ། གོ་ལ་ཧྲིལ་པོས་དོ་སྣང་བྱེད་པའི་གསར་གཏོད་དང་ལས་ལམ་གསར་འབྱེད་ཀྱི་གནས་བཟང་དུ་གྱུར་ཡོད།

(བཞི།)ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་མཐའ་འཁྱོངས་བྱས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་སེལ་གང་ཐུབ་བྱས་པས། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མ་ཆད་པར་ཆེ་རུ་སོང་ཡོད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་མ་རྩ་སྒྱུར་བཅོས་ཏན་ཏིག་ངང་ནས་སྐུལ་སྤེལ་བཏང་བ་དང་། ཀུང་སིའི་ལམ་ལུགས་སྒྱུར་བཅོས་རྩ་བའི་ཆ་ནས་ལེགས་འགྲུབ་བྱུང་ཞིང་། ཟླ་སྒྲིལ་བསྐྱར་སྒྲིག་དང་། རིམ་གྲས་འཕྲི་འཐེན། སྤུས་ཕྱོད་མཉམ་སྤེལ་བཅས་ལ་ཕན་འབྲས་མངོན་གསལ་ཐོན་ཡོད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཕན་ཁེ་མངོན་གསལ་ཇེ་ལེགས་སུ་སོང་སྟེ། ན་ནིང་ཁེ་སྤོགས་23.5%འཕར་ཡོད། ནུས་ཁུངས་དང་། ལྕགས་ལམ། ཚྭ་ལས་སོགས་པའི་ཁྱབ་ཁོངས་སྒྱུར་བཅོས་ཟབ་སྤེལ་བྱས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚོང་རར་བཅུག་འཐུས་ཇེ་ལྷུག་ཏུ་བཏང་ཡོད། གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོག་ཐོ་རུ་འགོད་པའི་ལམ་ལུགས་བཙུགས་ཡོད། ནོར་ཁྲལ་སྒྱུར་བཅོས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ནོར་སྲིད་ཀྱི་སྔོན་རྩིས་དང་ངེས་རྩིས་ཕྱོགས་ཡོངས་ནས་མངོན་གསལ་དུ་ཁྱབ་སྤེལ་བྱས་ཏེ། མཉམ་སྤྱོད་དཔྱ་ཁྲལ་གཙོ་བོར་གྱུར་པའི་ཀྲུང་དབྱང་དང་ས་གནས་ཀྱི་ཡོང་སྒོ་བགོ་འགྲེམ་གྱི་གནས་སྟངས་བཙུགས་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲི་ཆ་བགོས་སྒྱུར་བཅོས་བྱེད་འགོ་བརྩམས་པ། ཀྲུང་དབྱང་གིས་ས་གནས་ལ་སྤྱིར་བཏང་གི་གཏོང་སྤྲོད་སྤོ་སྒྱུར་བྱེད་ཁྱོན་ཇེ་ཆེ་ཇེ་མང་དུ་བཏང་བ་དང་། ཆེད་དོན་གྱི་གཏོང་སྤྲོད་སྤོ་སྒྱུར་རྣམ་གྲངས་སུམ་ཆ་གཉིས་ཉུང་དུ་བཏང་ཡོད། ཁེ་སྤོགས་བཀག་སྡོམ་བྱེད་རིགས་རྩ་བའི་ཆ་ནས་གློད་པ་དང་། བཅོལ་དངུལ་འགན་བཅོལ་ལམ་ལུགས་བཟོས་པ། ཚོང་ལས་དངུལ་ཁང་ཆེ་འབྲིང་གྲས་སུ་ཀུན་ཕན་དངུལ་རྩའི་བྱ་ལས་ཚན་པ་འཛུགས་རྒྱུ་ཁྱབ་སྤེལ་བྱས་པ། སྲིད་ཇུས་དང་གསར་སྤེལ་གྱི་ངང་ཚུལ་ལྡན་པའི་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་ཟབ་སྤེལ་བཅས་བྱས་ཏེ། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་ལམ་སྲོལ་ཇེ་ཆེར་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དྲང་སྙོམས་ངང་འཕེལ་རྒྱས་ཡོང་བར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་རྒན་གསོ་དང་། སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་བཟོས་པ་དང་། ལས་ཁུངས་ཀྱི་བྱ་ལས་སྡེ་ཚན་དང་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཆིག་སྒྲིལ་ཐུབ་ཡོད། རྒྱལ་ཁབ་ལ་དབང་བའི་མ་རྩ་ཆ་ཤས་ཤིག་སྤྱི་ཚོགས་ཀྱི་ཐེབས་རྩར་སྣོན་སྒྱུར་གྱི་འཆར་གཞི་བཏོན་ཡོད། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་པ་བཅས་མཉམ་སྒུལ་གྱིས་སྒྱུར་བཅོས་བྱས་པ་དང་། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཤིང་། རྒྱུན་རིང་ལག་ལེན་བསྟར་བའི་སྨན་རྫས་ཀྱི་སྣོན་ཆའི་སྲིད་ཇུས་མེད་པར་བཟོས་ཏེ། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་འགག་གནད་ལས་སྒྲོལ་ཐུབ་ཡོད། གྲོང་གསེབ་ཀྱི་ཐོན་འགན་གཙང་ལེན་ས་ཞིང་གི་“དབང་གསུམ་”ལོགས་འཛུགས་སྒྱུར་བཅོས་དང་དབང་ཆ་གཏན་འཁེལ་བྱེད་ཁྱོན་80%ལས་བརྒལ་བ་ཁྱབ་སྤེལ་བྱས་ཤིང་། ཞིང་ལས་ཐོན་རྫས་གལ་ཆེན་གསོག་ཉར་ལམ་ལུགས་སྒྱུར་བཅོས་བྱས་ཡོད། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་ཕན་འབྲས་དཔྱད་དཔོག་དང་འགན་འཁྲི་བདའ་འདེད་ལམ་ལུགས་བཙུགས་ནས། ཆུ་དཔོན་ལམ་ལུགས་དང་། མཚེའུ་དཔོན་ལམ་ལུགས་ཁྱབ་སྤེལ་བྱས་ཤིང་། ཞིང་ཆེན་རིམ་པ་མན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞི་ཐད་ཀར་དོ་དམ་བྱེད་པའི་ལམ་ལུགས་སྒྱུར་བཅོས་བྱེད་པའི་ཚོད་ལྟ་བྱེད་གནས་སྤེལ་ཡོད། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐེབས་ཡོད།

(ལྔ།) ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་པ་དང་། མཉམ་ལས་མཉམ་རྒྱལ་གང་ཐུབ་བྱས་པས། སྒོ་འབྱེད་ཅན་གྱི་དཔལ་འབྱོར་ཆུ་ཚད་མཐོ་རུ་མངོན་གསལ་སོང་ཡོད། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དར་སྤེལ་དང་སྐུལ་འདེད་བཏང་ནས། ཨ་ཤེ་ཡའི་དངུལ་འཇོག་དངུལ་ཁང་འཛུགས་གཉེར་གྱི་འགོ་བཙུགས་པ་དང་། དར་གོས་འགྲུལ་ལམ་གྱི་ཐེབས་རྩ་བཙུགས་ཤིང་། ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་ཉོ་ཚོང་གི་རྣམ་གྲངས་གལ་ཆེན་ཁག་གཅིག་གཉེར་འགོ་ཚུགས་ཡོད། ཧྲང་ཧའེ་སོགས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་11བཙུགས་ནས་སྒྱུར་བཅོས་ཚོད་ལྟའི་གྲུབ་འབྲས་ཁག་གཅིག་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱས་ཡོད། ཕྱིར་གཏོང་ཁྲལ་སློག་འཁུར་པོའི་ལམ་སྲོལ་སྒྱུར་བཅོས་བྱས་པ་དང་། ཁྲལ་སློག་འཕར་གྲངས་ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་འཁུར་ཡོད། རྒྱལ་ཁོངས་ལས་བརྒལ་བའི་གློག་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་13བཙུགས་ཤིང་། རྒྱལ་སྤྱིའི་ཉོ་ཚོང་གི་“དཀར་ཁུང་ཆིག་རྐྱང་”རྒྱལ་ཡོངས་སུ་ཁྱབ་པ་དང་། དངོས་ཟོག་འགག་སྒོ་བརྒྱུད་པའི་དུས་ཡུན་ཆ་སྙོམས་ཆུ་ཚོད་ཕྱེད་ཀ་ཡན་ཇེ་ཐུང་དུ་བཏང་བས། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་ནས་བཟང་པོར་འགྱུར་བཞིན་ཡོད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་ལམ་ལུགས་ནས་བཀག་རྒྱ་གསལ་ཐོའི་དོ་དམ་ཕྱོགས་སུ་བསྒྱུར་ཏེ། ཚོད་འཛིན་རང་བཞིན་བྱེད་ཐབས་ཀྱི་གསུམ་ཆ་གཉིས་ཉུང་དུ་བཏང་ཡོད། ཕྱི་རྒྱལ་ཚོང་པས་མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་སྒྱུར་བྱས་པ་དང་། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཟིན་ཚད་ལྡབ་གཅིག་འཕར་ཡོད། རིག་སྟོབས་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བས། ཀྲུང་གོར་ལས་ཀ་བྱེད་པར་ཡོང་མཁན་ཕྱི་རྒྱལ་གྱི་ཆེད་མཁས་40%འཕར་ཡོད། ཕྱི་ཕྱོགས་ལ་མ་དངུལ་འཇོག་པར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་ཁྲིད་སྟོན་བྱས་ཡོད། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་སྐུལ་སྤེལ་བཏང་སྟེ། མྱུར་བགྲོད་མེ་འཁོར་དང་ཉིང་རྡུལ་གློག་ཁང་སོགས་པའི་སྒྲིག་ཆས་འཛམ་གླིང་དུ་བསྐྱོད་ཡོད། རང་མོས་ཉོ་ཚོང་ཆོད་ཡིག་8གསར་དུ་བཞག་པ་དང་རིམ་པ་སྤར་ཡོད། ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་དང་། ཧྲེན་ཀྲེན་དང་ཞང་ཀང་ཐད་སྦྲེལ། བུན་འཛིན་ཐད་སྦྲེལ་བཅས་གཅིག་རྗེས་གཉིས་མཐུད་དུ་བྱེད་འགོ་བརྩམས་ཤིང་། མི་དམངས་ཤོག་སྒོར་དེ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་དམིགས་བསལ་དངུལ་ལེན་དབང་ཡོད་པའི་དངུལ་ལོར་གྲལ་དུ་ཞུགས་པས། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་གོམ་སྟབས་གལ་ཆེན་སྤོས་ཡོད། ཀྲུང་གོའི་སྒོ་མོ་ཇེ་ཆེར་ཕྱེ་བས། རང་ངོས་འཕེལ་རྒྱས་ཡོང་བར་ཡར་སྐུལ་ནུས་ལྡན་བྱུང་བ་དང་། འཛམ་གླིང་གོ་སྐབས་འགངས་ཆེན་བསྐྲུན་ཡོད།

(དྲུག)ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་ལེན་དུ་བསྟར་བ་མཐའ་འཁྱོངས་བྱས་ཏེ། དོ་མཉམ་པར་འཕེལ་རྒྱས་ཡོང་བའི་སྐུལ་འདེད་གང་ཐུབ་བཏང་བས་འཕར་སྣེ་དང་འཕར་རྒྱུད་གསར་པ་མགྱོགས་པོར་འཚར་ལོངས་བྱུང་ཡོད། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་ཧུར་ཐག་བཏང་སྟེ། འབྲེལ་ཡོད་ཀྱི་འཆར་གཞི་བཟོས་ནས་ལག་བསྟར་བྱས་པ་དང་། ལས་གཞི་འགངས་ཆེན་ཁག་གཅིག་འཛུགས་སྐྲུན་བྱས་ཡོད། ནུབ་རྒྱུད་གསར་སྤེལ་དང་། བྱང་ཤར་དར་སྤེལ། དབུས་རྒྱུད་འབུར་ཐོན། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་ཡོང་བར་བྱེད་པའི་སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། གསར་བརྗེའི་གནས་རྙིང་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། བོད་ལྗོངས་ཞིན་ཅང་མཚོ་སྔོན་གསུམ་ལ་རོགས་སྐྱོར་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ཡོད། རྒྱ་མཚོ་སྲུང་སྐྱོང་དང་གསར་སྤེལ་ལ་སྐུལ་སྤེལ་གོ་རིམ་ལྡན་པར་བྱས་ཡོད། གྲོང་ཁྱེར་ཁྱུ་ཚོགས་གཙོ་བོའི་འཆར་འགོད་ལག་བསྟར་བྱས་པ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་རིགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱས་ཡོད། གྲོང་ཁྱེར་མང་ཆེ་བས་གཞིས་ཆགས་ཀྱི་ཚོད་འཛིན་ལྷུག་ཏུ་བཏང་བ་དང་། གནས་ཆགས་འཛིན་ཡིག་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ལ་ཁྱབ་པར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་རང་བཞིན་མངོན་གསལ་ཆེ་རུ་ཕྱིན་ཡོད།

(བདུན།)མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་མུ་མཐུད་ཆེ་རུ་སོང་ཡོད། ནོར་ཤུགས་དཀའ་ངལ་ཆེ་བའི་གནས་ཚུལ་འོག དམངས་འཚོའི་གཏོང་སྒོ་རྒྱུན་མ་ཆད་པར་མང་དུ་བཏང་ཡོད། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ཤིང་། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་ལྔའི་རིང་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་2800བཏང་བ་དང་། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་པས། ཁྱུ་ཚོགས་གཙོ་གནད་ཀྱི་ལས་ཞུགས་ལ་འགན་སྲུང་ལེགས་ཙམ་ཐུབ་ཡོད། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་པ་དང་། ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བསྟུད་མར་4%ལས་བརྒལ་ཡོད། གྲོང་གསེབ་ཀྱི་འོས་འགན་སློབ་གསོ་ཞན་སའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱས་ཏེ། གྲོང་ཚོའི་དགེ་རྒན་གྱི་ཐོབ་ཐང་ལེགས་སུ་བཏང་བ་དང་། འཚོ་བཅུད་ལེགས་བཅོས་འཆར་གཞིས་གྲོང་གསེབ་ཀྱི་སློབ་མ་ཁྲི་3600ལྷག་ཙམ་ལ་ཕན་ཡོད། འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་འགོ་བརྩམས་ཡོད། གཙོ་གནད་སློབ་ཆེན་གྱིས་གྲོང་གསེབ་དང་དབུལ་ཕོངས་ས་ཁུལ་གྱི་སློབ་མ་ཆེད་མངགས་བསྡུ་བའི་མི་གྲངས་ཁྲི་1ནས་ཁྲི་10བར་འཕར་སྣོན་བྱས་ཡོད། སློབ་གྲྭ་ཁག་གི་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་ཤུགས་ཆེ་རུ་བཏང་བས་མི་ཐེངས་གྲངས་དུང་ཕྱུར་4.3ལ་ཕན་ཡོད། ངལ་རྩོལ་ལོ་ཚད་མི་འབོར་གྱིས་སློབ་གསོ་མྱོང་བའི་ལོ་ཚད་ཆ་སྙོམས་ལོ་10.5དུ་འཕར་ཡོད། གྲོང་མིའི་མ་མཐའི་སྨན་བཅོས་འགན་བཅོལ་མི་རེར་ནོར་སྲིད་རོགས་དངུལ་ཀྱི་ཚད་གཞི་ཆ་སྙོམས་སྒོར་240ནས་450བར་སྤར་ཡོད་ཅིང་། ནད་གཞི་ཆེ་རིགས་འགན་བཅོལ་ལམ་ལུགས་གཞི་རྩའི་ཆ་ནས་བཙུགས་པ་དང་མི་ཐེངས་གྲངས་ཁྲི་1700ལྷག་ཙམ་ལ་ཕན་ཡོད། གཞན་སར་སྨན་པ་བསྟེན་པ་དང་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་ཐད་ཀར་རྩིས་རྒྱག་མངོན་འགྱུར་བྱུང་བ་དང་། རིམ་དབྱེ་ནད་བརྟག་སྨན་བཅོས་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་མ་མཐའི་རྒན་གསོའི་འཚོ་དངུལ་བསྟུད་མར་ཚུལ་མཐུན་ཐོག་མཐོ་རུ་བཏང་ཡོད། མ་མཐའི་འགན་སྲུང་དང་གཟིགས་སྐྱོང་སོགས་པའི་ཚད་གཞི་མཐོ་རུ་བཏང་བ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་ལེགས་བཅོས་བྱས་པས། མ་མཐའི་འགན་སྲུང་མི་སྣ་དང་དཀའ་ངལ་ཧ་ཅང་ཆེ་བའི་མང་ཚོགས་ཁྲི་6000ལ་ཉེ་བའི་གཞི་རྩའི་འཚོ་བ་འགན་སྲུང་ཐུབ་ཡོད། དཀའ་ངལ་ཆེ་བ་དང་དབང་པོ་སྐྱོན་ཅན་ཚབས་ཆེར་“ཁ་གསབ་རིགས་གཉིས་”ཀྱི་ལམ་ལུགས་བཙུགས་པས། མི་ཁྲི་2100ལྷག་ཙམ་ལ་ཕན་ཡོད། ཕྲུ་གུ་གཉིས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་ཡོད། རིག་གནས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་བས། རིག་གནས་ཐོན་རྫས་ལོ་རེར་ཆ་སྙོམས་13%ཡན་འཕར་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱ་ཁྱབ་ཏུ་སྤེལ་བ་དང་ལུས་རྩལ་ཕོ་རྒོད་རྣམས་ཀྱིས་གྲུབ་འབྲས་བཟང་པོ་བླངས་ཡོད།

(བརྒྱད།)མི་དང་རང་བྱུང་ཁམས་ཞི་མཐུན་ངང་འཕེལ་རྒྱས་ཡོང་བ་མཐའ་འཁྱོངས་དང་། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་གང་ཐུབ་བྱས་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཅངས་ནས། ཆོད་སེམས་དང་སྟོབས་ཤུགས་སྔར་མེད་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་ཤུགས་ཆེན་བྱས་ཤིང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ་(PM2.5)གར་ཚད་ཆ་སྙོམས་30%ཡན་ཆག་ཡོད། རྡོ་སོལ་སིལ་མ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་གཙོ་གནད་ཀྱི་ནུས་བསྲི་སྙིགས་འཕྲིར་སྐུལ་སྤེལ་བཏང་བས། རྡོ་སོལ་གློག་ཁང་འཕྲུལ་འཁོར་ཚན་པ་71%གི་སྦགས་བཙོག་འབུད་ཚད་ཉུང་ཤོས་མངོན་འགྱུར་བྱུང་ཡོད། ནུས་ཁུངས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱས་པ་དང་། རྡོ་སོལ་འཛད་སྤྱོད་ཀྱི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས་8.1ཆག་ཅིང་། ནུས་ཁུངས་གཙང་མའི་འཛད་སྤྱོད་ཀྱི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས་6.3འཕར་ཡོད། འབར་སྣུམ་གྱི་རྒྱུ་སྤུས་དག་ཏུ་བཏང་བ་དང་། རྟགས་སེར་རླངས་འཁོར་དང་རླངས་འཁོར་རྙིང་པ་ཁྲི་2000ལྷག་ཙམ་དོར་ཡོད། གཙང་པོ་བཞུར་རྒྱུད་དང་མཚོ་རྒྱུད་གཙོ་བོའི་ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྫས་ལུད་དང་ཞིང་སྨན་བེད་སྤྱོད་བྱེད་ཚད་འཕར་སྣོན་མེད་པ་མངོན་འགྱུར་བྱུང་ཡོད། སྐྱེ་ཁམས་འགངས་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གཞིར་སྐུལ་སྤེལ་བཏང་བ་དང་། ཞིང་དོར་ནགས་སྤེལ་རྩྭ་འདེབས་དང་འདམ་ར་བསྐྱར་གསོ་དང་རྒྱ་བསྐྱེད་པ། ཐང་རྒོད་ཅན་དང་། བྱེ་རྡོ་ཅན། ས་ཆུ་ཤོར་ཚུལ་བཅས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་ཏེ། ཁྲིམས་འགལ་གྱི་གྱོད་དོན་ཞིབ་བཤེར་ཐག་གཅོད་ནན་པོར་བྱས་ཡོད། 《ཕ་རི་སིའི་གྲོས་མཐུན་》ལ་མིང་རྟགས་བཀོད་ནས་གོ་ཆོད་པར་སྐུལ་འདེད་དགེ་མཚན་ལྡན་པར་བྱས་ཤིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད།

(དགུ།)ཁྲིམས་མཐུན་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོངས་བྱས་པ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་གསར་གཏོད་གང་ཐུབ་བྱས་པས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་རྒྱུན་མཐུད་བྱུང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་བཅའ་ཁྲིམས་95གཏན་འབེབས་དག་བཅོས་གནང་བྱར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་195གཏན་འབེབས་དག་བཅོས་བྱས་ཤིང་། སྡེ་ཚན་གྱི་སྒྲིག་ཡིག་འབོར་ཆེན་ཞིག་བཟོ་བཅོས་བརྒྱབ་པའམ་ཡང་ན་མེད་པར་བཟོས་ཡོད། ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་སྲིད་གཞུང་སྡེ་ཚན་གྱིས་དབང་འགན་གསལ་ཐོ་གཏན་འབེབས་དང་ཁྱབ་བསྒྲགས་བྱས་ཡོད། རྒྱལ་སྲིད་སྤྱི་ཁབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་མོ་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ནས། བྱས་རྗེས་ཧུར་ཐག་འཇོག་པ་དང་ཕན་འབྲས་འབུར་དུ་ཐོན་པར་གཟེངས་བསྟོད་དང་སྲིད་ཇུས་ཐོག་ནས་སྐུལ་ལྕག་བཏང་ཞིང་། ལས་ཀ་ཡག་པོ་མི་བྱེད་མཁན་ལ་འགན་འཁྲི་རྩད་གཅོད་ནན་པོར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གསར་གཏོད་བྱས་ཡོད། ཡིག་སྐུར་ངོ་བཅར་གྱི་ལས་དོན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཞིང་། བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་ཁོངས་ཆེ་རུ་བཏང་ཡོད། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཡར་སྐུལ་བྱས་པས། བྱུར་ཉེས་བསྡོམས་འབོར་དང་བྱུར་ཉེས་ཚབས་ཆེན་དང་ཆེས་ཆེ་རིགས་ཀྱི་གྲངས་འབོར་བསྟུད་མར་ཆག་ཡོད། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་སྒྱུར་བཅོས་འཐུས་ཚང་བྱས་ནས། ཉེན་ཁ་འབྱུང་རིམ་ཧྲིལ་པོར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད། ས་ཡོམ་དང་། ཆུ་ལོག་གི་གོད་ཆག་དམིགས་བསལ་ཆེན་པོ་སོགས་གནོད་འགོག་གནོད་སེལ་མུག་སྐྱོབ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་དབྱེ་འགན་འཁུར་དང་ཕན་ཚུན་ལས་རེས་ཀྱི་བབ་བསྟུན་ལམ་སྲོལ་འཐུས་ཚང་དུ་བཏང་བས། གནོད་འཚེའི་གྱོང་གུན་ཆེས་ཆེར་ཆག་པར་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་ཡོད། སྤྱི་ཚོགས་བདེ་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་བ་དང་། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་མཐུན་ལྟར་རྡུང་རྡེག་བཏང་ནས། སྤྱི་པའི་བདེ་འཇགས་སྟོབས་དང་ལྡན་པར་སྲུང་སྐྱོང་བྱས་ཡོད།

ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་བཀོད་པ་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་སྲོལ་དང་སྲིད་དོན་གཙང་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོ། “སློབ་གཉིས་བྱེད་གཅིག་”སློབ་སྦྱོང་གི་སློབ་གསོ་བཅས་གཏིང་ཟབ་སྤེལ་ཞིང་། ཏང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོར་བྱས་ནས། “སྤྱོད་ཚུལ་བཞི་”རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་“བསྲུང་བྱ་རྣམ་གསུམ་”ལག་བསྟར་ནན་པོར་བྱས་ཡོད། སྲིད་གཞུང་གི་རང་བཞིན་ལྡན་པའི་རྒྱས་སྤྲོས་ཁང་བཟང་གསར་སྐྲུན་བྱེད་རིགས་དང་ནོར་སྲིད་ཀྱིས་འཚོ་སྐྱོང་བྱེད་མི་བསྡོམས་འབོར་ཚོད་འཛིན་ནན་པོར་བྱས་པ་དང་། “གཞུང་གསུམ་”གྲོན་དངུལ་ཇེ་ཆེར་བཅག་ཡོད། སྲིད་འཛིན་ལྟ་ཞིབ་དང་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཤིང་། རུལ་སུངས་པར་ཉེས་ཆད་ནན་པོར་བཅད་པས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཟིལ་གནོན་རང་བཞིན་གྱི་རྣམ་པ་ཆགས་པ་མ་ཟད་འཕེལ་རྒྱས་བརྟན་པོའང་བྱུང་ཡོད།

འཐུས་མི་རྣམ་པ།

འདས་པའི་ལོ་ལྔའི་རིང་ལ། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་བཅས་ཀྱི་ལས་ཀ་གསར་གཏོད་ཀྱིས་སྐུལ་སྤེལ་བྱས་ཡོད། མི་རིགས་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཡར་རྒྱས་མགྱོགས་པོ་བྱུང་ཡོད། ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་དགེ་མཚན་ལྡན་པའི་སྣེ་ཁྲིད་བྱས་ཤིང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིས་རྒྱལ་ཁབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ནང་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ཡོད།

འདས་པའི་ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་འོག དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བར་རྣམ་པ་གསར་པ་བཏོད་ཡོད། གནས་བབ་གསར་པའི་འོག་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་གསར་པ་གཏན་འབེབས་བྱས་ཤིང་། ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་འཚོགས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་མཐུན་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་ཟབ་མོ་བཏང་ཡོད། མི་དམངས་དམག་དཔུང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྱར་བཟོ་དང་། རྩ་འཛུགས་ཀྱི་རྣམ་པ་བསྐྱར་བཟོ། སྟོབས་ཤུགས་ཀྱི་མ་ལག་བསྐྱར་བཟོ། ཀུན་སྤྱོད་ཀྱི་རྣམ་པ་བསྐྱར་བཟོ་བཅས་མངོན་འགྱུར་བྱུང་ཡོད། མཚོ་ཐོག་གི་ཁེ་དབང་སྲུང་བ་དང་། འཇིགས་རྒོལ་ལྷིང་སྐྱོང་། ཉེན་སེལ་གུད་སྐྱོབ། རྒྱལ་སྤྱིའི་ཞི་སྲུང་། ཡ་ཏིང་མཚོ་ཁུག་གི་མཚོ་འགྲུལ་སྲུང་སྐྱེལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་པའི་ལས་འགན་གལ་ཆེན་རྣམས་ཕན་འབྲས་ཐོན་པར་བསྒྲུབས་ཡོད། ཕྱོགས་གང་ཅིའི་གཞོགས་འདེགས་འོག་དམག་མི་འཕྲི་གྲངས་ཁྲི་30ཡི་ལས་འགན་རྩ་བའི་ཆ་ནས་ཡོངས་སུ་འགྲུབ་ཡོད། དམག་དོན་སྒྲིག་ཆས་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོར་མཐོ་རུ་ཕྱིན་པ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཟབ་མོ་བྱུང་ཡོད། མི་དམངས་དམག་དཔུང་གི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་གྱི་བགྲོད་ལམ་ཐོག་གོམ་སྟབས་བརྟན་པོར་སྤོས་ཡོད།

འདས་པའི་ལོ་ལྔའི་རིང་ལ། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལག་ལེན་རྒྱུན་མ་ཆད་པར་ཕུན་སུམ་ཚོགས་པོ་དང་འཕེལ་རྒྱས་བྱུང་ཞིང་། ཞང་ཀང་དང་ཨའོ་མོན་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ཇེ་ཆེར་ཕྱིན་པ་དང་། ནང་ས་དང་ཀང་ཨའོ་བར་བརྗེ་རེས་མཉམ་ལས་ལ་སྐུལ་སྤེལ་ཟབ་མོ་བྱས་ཡོད། ཀང་ཀྲུའུ་ཨའོ་གསུམ་གྱི་ཟམ་ཆེན་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་བྱུང་ཞིང་། ཞང་ཀང་དང་ཨའོ་མོན་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དང་“དགུ་གཉིས་ངོས་འཛིན་གཅིག་མཐུན་”མཐའ་འཁྱོངས་དང་། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ངོགས་གཉིས་ཀྱི་དབུ་ཁྲིད་པ་ལོ་རྒྱུས་ཀྱི་ངེས་པ་ལྡན་པའི་མཇལ་འཕྲད་ཐུབ་པ་བྱུང་ཡོད། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

འདས་པའི་ལོ་ལྔའི་རིང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་དབུ་གཙོའི་གླེང་སྟེགས་སྐབས་དང་པོ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དབུ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་གྱི་མཇལ་འཕྲད་སོགས་རང་ས་རང་ཡུལ་གྱི་ཕྱི་འབྲེལ་གལ་ཆེན་ལམ་ལྷོང་ངང་གཉེར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་བསྐྱོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མུ་འབྲེལ་དབུ་ཚོགས་དང་། གནམ་གཤིས་ཀྱི་འགྱུར་བའི་ཚོགས་ཆེན། འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས། ཨ་ཤེ་ཡ་ཤར་མའི་མཉམ་ལས་དབུ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་སོགས་པའི་བྱེད་སྒོ་གལ་ཆེན་ནང་ཞུགས་ཐོག ཕྱོགས་ཀུན་གྱི་ཕྱི་འབྲེལ་བཀོད་པ་ཟབ་སྤེལ་བྱས་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་རྒྱུ་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་གཏོང་བར་ཀྲུང་གོའི་བློ་རིག་སྔར་ལས་མང་པོ་ཕུལ་ཡོད། དཔལ་འབྱོར་ཕྱི་འབྲེལ་དང་མི་ཆོས་བརྗེ་རེས་ཐད་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། ཀྲུང་གོ་ནི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་གསར་པ་འགངས་ཆེན་བཞག་ཡོད།

འཐུས་མི་རྣམ་པ།

འདས་པའི་ལོ་ལྔར་ཕྱིར་མིག་བལྟས་ན། འགལ་བ་མང་པོ་ཕན་ཚུན་བསྣོལ་མར་ཡོད་ཅིང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། རྒྱལ་ཕྱི་རྒྱལ་ནང་གི་གནས་ཚུལ་མང་པོ་ཞིག་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་འཕྲད་མྱོང་མེད་པས། རང་རྒྱལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་གཏན་ནས་མིན་ཞིང་། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོང་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུ་ཁྲིད་འགྱུར་མེད་སྟོབས་ལྡན་གནང་བའི་འབྲས་བུ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་སྟོན་གནང་བའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ནས་ཡིན་པའི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ནས་ཡིན་པའི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ་དང་ཕྱིར་སྡོད་སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་དང་རྒྱལ་སྤྱིའི་རྩ་འཛུགས། དེ་བཞིན་རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བདེ་དུས་ཉེན་ཁ་བརྗེད་མི་རུང་། དར་དུས་སེམས་ངལ་བརྗེད་མི་རུང་། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་རྒྱུན་རིང་གནས་ངེས་པ་དང་། རང་རྒྱལ་སྔར་བཞིན་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་ཞིང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་འབུར་ཐོན་ཁ་ཤས་སྔར་བཞིན་ཐག་ཆོད་མེད་པ་ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་ཀྱི་ཡོད། དཔལ་འབྱོར་འཕེལ་བར་བྱེད་པའི་གཏིང་གི་སྒུལ་ཤུགས་སྔར་བཞིན་མི་འདང་བ་དང་། གསར་གཏོད་ཀྱི་ནུས་པ་སྔར་བཞིན་ཆེན་པོ་མེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེན་པོ་མེད་པ། ཁེ་ལས་ཁ་ཤས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་གཉེར་སྐྱོང་དཀའ་ངལ་ཆེ་བ། དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་ཇེ་ཞན་དུ་སོང་བ། ས་ཁུལ་ཁ་ཤས་ཀྱི་དཔལ་འབྱོར་ཆག་ཀྱིས་དོགས་པའི་སེམས་ངལ་ཅུང་ཆེ་བ། དངུལ་རྩ་སོགས་པའི་ཁྱབ་ཁོངས་ཀྱི་ཉམས་ཉེན་འབྱུང་གཞིར་སྣང་ཆུང་བྱེད་མི་རུང་བར་གྱུར་ཡོད། དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་བ་དང་། ཞིང་ལས་ཀྱི་རྨང་གཞི་སྔར་བཞིན་ཞན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དང་ཡོང་སྒོ་བགོ་བཤའི་ཁྱད་པར་སྔར་བཞིན་ཆེ་ཙམ་དུ་གྱུར་ཡོད། ཐོན་སྐྱེད་བདེ་འཇགས་ཀྱི་བྱུར་ཉེས་ཚབས་ཆེན་དང་ཧ་ཅང་ཆེ་རིགས་ཡང་ཡང་ཐོན་བཞིན་ཡོད། མཁའ་དབུགས་ཀྱི་སྤུས་ཚད་དང་། ཁོར་ཡུག་གི་གཙང་སྦྲ། བཟའ་བཅའ་དང་སྨན་རིགས་གནོད་མེད་དང་སྡོད་ཁང་། སློབ་གསོ། སྨན་བཅོས། ལས་ཞུགས། རྒན་གསོ་སོགས་ཀྱི་ཐད་ལ་མང་ཚོགས་སྔར་བཞིན་ཡིད་མི་ཚིམ་པའི་ཕྱོགས་མི་ཉུང་བ་ཡོད། སྲིད་གཞུང་གི་འགན་ནུས་བསྒྱུར་བ་སྔར་བཞིན་གནད་ལ་འཁེལ་པོ་བྱུང་མེད་པ་དང་། སྲིད་གཞུང་གི་ལས་དོན་ལ་མི་འདང་ས་ཡོད་ཅིང་། སྒྱུར་བཅོས་བྱེད་ཐབས་དང་སྲིད་ཇུས་འགའ་ཤས་དོན་འཁྱོལ་ནུས་ལྡན་བྱུང་མེད་ལ། ལས་བྱེད་པ་འགའ་ཤས་ཞབས་ཞུའི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཆེན་པོ་མེད་པ་དང་། ལས་ཀའི་སྤྱོད་ཚུལ་མི་ལེགས་པ། འགན་འཁུར་གྱི་བློ་སྟོབས་ཞན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཚད་མི་འདྲ་བར་གནས་ཡོད། མང་ཚོགས་དང་ཁེ་ལས་ཀྱིས་ལས་དོན་སྒྲུབ་དཀའ་བ་དང་རིན་དངུལ་གང་བྱུང་དུ་བསྡུ་བར་བསམ་འཆར་མང་ཙམ་ཡོད་པ་རེད། ཁྱབ་ཁོངས་འགའ་ཤས་སུ་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་ཀྱི་གནད་དོན་སྔར་བཞིན་མང་པོ་ཐོན་བཞིན་ཡོད། ང་ཚོས་ངེས་པར་དུ་རྒྱལ་ཁབ་དང་མི་དམངས་ལ་འགན་འཁུར་གྱི་བསམ་པ་ཆེན་པོ་བཅངས་ནས། དཀའ་ཚེགས་ལ་མི་སྐྲག་པའི་བློ་སྟོབས་དང་། གཞོམ་ཞིག་མེད་པའི་སྙིང་སྟོབས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ལེགས་པོར་བསྒྲུབས་ཏེ། མི་དམངས་སྲིད་གཞུང་གིས་མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་གཏོང་རྒྱུ་མིན།

གཉིས། 2018ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཕེལ་ཕྱོགས།

ད་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཡིན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལག་བསྟར་བྱེད་པར་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་རེད། སྲིད་གཞུང་གི་ལས་དོན་ལེགས་པོར་བསྒྲུབ་དགོས་ན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འགྱུར་མེད་སྟོབས་ལྡན་འོག མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་བཅས་སློབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་བཅས་ལག་བསྟར། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་གཞི་རྩའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བར་རྩེ་གཅིག་ཏུ་དམིགས་པ་བཅས་བྱས་ཐོག འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བྱེད་པའི་བླང་བྱ་ལྟར། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་ཐོག་སྐུལ་སྤེལ་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་བ་དང་། མཁ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱ་རྒྱུ་གཙོ་གནད་དུ་འཛིན་པ་མཐའ་འཁྱོངས། བརྟན་པོར་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་སྤེལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་གྱིས་སྐུལ་སྤེལ། སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་འཕོ་འགྱུར་དང་ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་ཉེན་ཁ་ཚབས་ཆེན་འགོག་སེལ་དང་། གནད་འཕིགས་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་འཐབ་འཛིང་ཡག་པོར་བྱེད་པའི་ཐད་གྲུབ་འབྲས་ཏན་ཏིག་ལེན་པ། སྔོན་དཔག་སྣེ་ཁྲིད་དང་བརྟན་པོ་ཡོང་བར་བྱེད་པ་དང་། དམངས་འཚོར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཡར་སྐུལ་བཅས་བྱེད་དགོས།

རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་པ་ན། རང་རྒྱལ་གྱི་འཕེལ་རྒྱས་མདུན་དུ་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། འཛམ་གླིང་གི་དཔལ་འབྱོར་མུ་མཐུད་སླར་གསོ་ཡོང་རེ་ཡོད་མོད། འོན་ཀྱང་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་པོ་ཡོད། དཔལ་འབྱོར་དངོས་ཚན་གཙོ་བོའི་སྲིད་ཇུས་ལེགས་སྒྲིག་དང་དེའི་ཕྱི་མེར་ནུས་སྣང་གི་རྐྱེན་པས་འཕོ་འགྱུར་ཡོང་བ་དང་། སྲུང་སྐྱོབ་རིང་ལུགས་ཆེ་རུ་ཕྱིན་པ། ས་ཁུལ་འབྲེལ་ཁོངས་ཀྱི་ཆབ་སྲིད་ཉམས་ཉེན་ཇེ་ཆེར་གྱུར་པ་བཅས་རེད། རང་རྒྱལ་གྱི་དཔལ་འབྱོར་སྤེལ་སྟངས་སྒྱུར་བ་དང་། དཔལ་འབྱོར་གྲུབ་ཚུལ་བཟང་འགྱུར། འཕེལ་རྒྱས་གཏོང་སྟངས་བརྗེ་སྒྱུར་བཅས་བྱེད་སྒང་གི་འགག་རྩའི་དུས་རིམ་དུ་གནས་ཡོད་པས། ད་དུང་དཀའ་ལས་དང་དཀའ་སྡུག་མང་པོ་མྱོང་དགོས་པ་དང་། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉམས་ཉེན་གྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྔར་ནས་དཀའ་གནད་འགག་སྒྲོལ་བྱས་ཏེ་ཐོབ་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། དེང་སྐབས་རང་རྒྱལ་གྱི་དངོས་པོའི་ལག་རྩལ་རྨང་གཞི་སྔར་བས་འཛོམས་པོ་ཡོད་པ་དང་། ཐོན་ལས་ཀྱི་མ་ལག་ཆ་ཚང་བ། ཚོང་རའི་གཞི་ཁྱོན་ཧ་ཅང་ཆེ་བ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ། ལས་ལམ་གསར་འབྱེད་དང་གསར་གཏོད་འཁྲུག་ཆ་དོད་པ། ཕྱོགས་བསྡུས་ཀྱི་དགེ་མཚན་མངོན་གསལ་དོད་པ་བཅས་ཡིན་པས། འཕེལ་རྒྱས་སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་དྲངས་སྙོམས་ཆེ་བ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་ནུས་པ་དང་ཆ་རྐྱེན་ཡོད།

ད་ལོར་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.5%ཡས་མས་འཕར་སྣོན་ཡོང་བར་བྱེད་རྒྱུ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་1100ཡན་འཕར་བར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་ཏེ་ལས་ཀ་ཤོར་ཚད་5.5%ནང་ཚུན་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་4.5%ནང་ཚུན་ཚོད་འཛིན་བྱེད་རྒྱུ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བར་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་ནས་ལེགས་པོར་འགྱུར་བ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བྱེད་རྒྱུ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་གྲོན་3%ཆག་པར་བྱེད་རྒྱུ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་གཏོང་བྱེད་ཚད་བསྟུད་མར་ཆག་པར་བྱེད་རྒྱུ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། སྤྱི་ཁོག་བཀན་ཤིང་སྤྱོད་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱེད་རྒྱུ་དང་། ཉམས་ཉེན་སྣ་ཚོགས་འགོག་ཟོན་གོ་རིམ་ལྡན་ཞིང་ཕན་འབྲས་ཐོན་པར་བྱེད་རྒྱུ།

གོང་གསལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་དགོས་མཁོར་དམིགས་པས། རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་མགྱོགས་པོ་བྱུང་བའི་དུས་རིམ་ནས་སྤུས་ཀ་ལེགས་པའི་དུས་རིམ་དུ་སྒྱུར་བའི་དོན་དངོས་དང་འཚམ་པ་ཡིན། དཔལ་འབྱོར་གྱི་གཞི་རྩའི་ངོས་དང་ལས་ཞུགས་འགུགས་ནུས་ལ་བལྟས་ཚེ། 6.5%ཡས་མས་འཕར་ཚད་ཀྱིས་ལས་ཞུགས་མང་ཙམ་མངོན་འགྱུར་བྱེད་ཐུབ་རྒྱུ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྟག་དཔྱད་བྱ་རྒྱུར་ཞིང་པ་ལས་མི་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཚུད་ཡོད། ད་ལོ་ཐོག་མར་དམིགས་ཚད་འདི་སྔོན་དཔག་དམིགས་འབེན་དུ་བཟུང་སྟེ། ལས་ཞུགས་གནས་ཚུལ་སྔར་བས་ཆ་ཚང་མཚོན་པ་དང། འཕེལ་རྒྱས་ལོངས་སུ་སྤྱོད་པའི་བླང་བྱ་སྔར་ལས་གང་ལེགས་མཚོན་པར་བྱེད་རྒྱུ། ད་ལོར་མུ་མཐུད་ནས་གསར་གཏོད་དང་སྤྱི་ཁོག་སྙོམས་སྒྲིག་འཐུས་ཚང་དུ་གཏོང་རྒྱུ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་ཚད་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་རྒྱུ། ནོར་སྲིད་དང་། དངུལ་ལོར། ཐོན་ལས། ས་ཁོངས་སོགས་པའི་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལེན་ཕྱོགས་མི་འགྱུར་བ་དང་། སྟོབས་འདུས་ཕན་འབྲས་ཆེ་རུ་གཏོང་རྒྱུ། ད་ལོར་མཚལ་ཡིག་གི་ཚད་2.6%ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། ན་ནིང་གི་སྔོན་རྩིས་ལས་བརྒྱ་ཆའི་གཞི་གྲངས་0.4ཡིས་དམའ་བ་ཡོད། ནོར་སྲིད་ཀྱི་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་2.38ཡིན། དེའི་ནང་ཀྲུང་དབྱང་གི་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1.55དང་། ས་གནས་ཀྱི་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་8300ཡིན། མཚལ་ཡིག་གི་ཚད་བཅག་པ་གཙོ་བོ་ནི་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ངང་ལེགས་པོར་འགྱུར་བ་དང་། ནོར་སྲིད་ཀྱི་ཡོང་འབབ་འཕར་སྣོན་ལ་རྨང་གཞི་ལྡན་རྐྱེན། སྤྱི་ཁོག་སྙོམས་སྒྲིག་ལ་སྲིད་ཇུས་ཀྱི་བར་སྟོང་ཀྱང་སྔར་བས་མང་པོ་འཇོག་རྒྱུར་བསམ་གཞིགས་བྱས་པ་ཡིན། ད་ལོར་རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་21ཡིན་པ་དང་། གཏོང་སྒོའི་གཞི་ཁྱོན་ཇེ་ཆེར་གཏོང་རྒྱུ། ཀྲུང་དབྱང་གིས་ས་གནས་ལ་སྤྱི་བཏང་གི་གཏོང་སྤྲོད་སྤོ་སྒྱུར་10.9%འཕར་སྣོན་བྱས་ཏེ། ས་གནས་དང་ཁྱད་པར་དུ་དབུས་ནུབ་ས་ཁུལ་གྱི་ནོར་ཤུགས་ཆེ་རུ་གཏོང་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་འགྱུར་བྱས་ཏེ། ནོར་སྲིད་ཀྱི་གཏོང་སྒོའི་སྤྱི་པའི་རང་བཞིན་དང་། ཀུན་ཕན་རང་བཞིན་ཇེ་ཆེར་གཏོང་རྒྱུ་དང་། འགག་སྒྲོལ་ལས་དོན་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གསར་གཏད་སྐུལ་སྤེལ་དང་། “ཞིང་གསུམ།” དམངས་འཚོ་སོགས་པའི་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱེད་རྒྱུ། དེང་སྐབས་ནོར་སྲིད་ཀྱི་གནས་ཚུལ་ཇེ་བཟང་དུ་གྱུར་པ་དང་། སྲིད་གཞུང་རིམ་པ་ཁག་གིས་སྔར་བཞིན་ཟ་མཁས་འཐུང་མཁས་ཀྱི་འཚོ་བ་སྐྱེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། འགན་སྒྲུབ་བབ་ཆགས་དང་། རྒྱས་སྤྲོས་སྤོང་གང་ཐུབ་ཐོག་ནས། སྤྱིར་བཏང་གི་གཏོང་སྒོ་ཚོད་འཛིན་ནན་པོར་བྱས་ཏེ། མ་དངུལ་རྩ་ཆེན་སྔར་ལས་མང་པོ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་དུ་སྤྱོད་པ་དང་། ཚེར་མ་ཟུག་དུས་ཀྱི་རྡོག་པའི་དཔེ་ལྟར་དམངས་འཚོར་ཕན་བྱེད་དུ་སྤྱོད་རྒྱུ།

བརྟན་ཞིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་སྙོམས་པོ་རྒྱུན་འཁྱོངས་བྱེད་རྒྱུ་དང་། དམ་ལྷོད་རན་པོ་ཡོང་བར་བྱེད་རྒྱུ། དངུལ་ལོར་འདོན་སྤྲོད་ཀྱི་སྤྱིའི་འགག་སྒོ་དོ་དམ་ཡག་པོར་བྱེད་པ་དང་། ཁྱབ་ཆེའི་དངུལ་ལོར་M2དང་ཡིད་རྟོན་དངུལ་བུན། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཁྱོན་ཚུལ་མཐུན་ངང་འཕར་བ་རྒྱུན་འཁྱོངས་དང་། ངེས་མེད་ཀྱི་རང་བཞིན་ཚུལ་མཐུན་ཐོག་བརྟན་པོར་སྲུང་སྐྱོང་། མ་དངུལ་ཐད་ཀར་བསྡུ་རུབ་བྱེད་པ་དང་ཁྱད་པར་དུ་རྐང་དབང་གི་མ་དངུལ་བསྡུ་རུབ་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ཐབས་ལམ་གཤོང་བ་དང་། ཁྱད་པར་ཅན་གྱི་གྲབས་དངུལ་དང་། ཁྱད་པར་ཅན་གྱི་ཡིད་རྟོན་དངུལ་བུན་སོགས་ཀྱི་སྲིད་ཇུས་བཀོལ་སྤྱོད་ཡག་པོར་བྱས་ཏེ། མ་དངུལ་སྔར་ལས་མང་པོ་ཁེ་ལས་ཆུང་ཕྲན་དང་། “ཞིང་གསུམ།” དངུལ་ཕོངས་ས་ཁུལ་བཅས་ལ་འཇོག་རྒྱུའི་ཁྲིད་སྟོན་བྱས་ནས། དངོས་གཉེར་དཔལ་འབྱོར་ལ་ཞབས་འདེགས་སྔར་ལས་ལྷག་པར་ཞུ་རྒྱུ།

ད་ལོའི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་དོན་ལག་བསྟར་ནན་ཏན་དང་། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། བརྟན་པོ་དང་ཡར་རྒྱས་གཉིས་ཧྲིལ་པོ་གཅིག་ཏུ་བརྩིས་ནས་ཁོང་དུ་ཆུད་པར་བྱས་ཐོག གཤམ་གྱི་ཕྱོགས་འགའ་སྣང་ཆེན་བྱེད་རྒྱུ་སྟེ། གཅིག་ནས་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་ཐམས་ཅད་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན་པས། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པར། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་དམིགས་ནས། སྤུས་ཀ་ཨང་དང་པོ་དང་། ཕན་འབྲས་སྔོན་གཏོང་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར་རིམ་སྤོར་ལ་ཡར་སྐུལ་བྱེད་རྒྱུ། དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་དང་། ཉེ་རིང་ཟུང་འབྲེལ་ཐོག་ནས། དཔལ་འབྱོར་འཁོར་སྐྱོད་བར་སྟོང་ཚུལ་མཐུན་དུ་འགན་ལེན་ཏན་ཏིག་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་སྤུས་ཚད་ཕན་འབྲས་ཡར་ཐོན་གསུམ་ཕན་ཚུན་ཡར་སྐུལ་ཐོག་མཉམ་དུ་ཡར་རྒྱས་ཡོང་བར་བྱེད་རྒྱུ། གཉིས་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་ཤུགས་ཚད་ཆེ་རུ་གཏོང་རྒྱུ། སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྱི་ཀྲུང་གོའི་ལས་དབང་སྒྱུར་བའི་འགག་རྩའི་ཐབས་ལམ་ཞིག་ཡིན་ལ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་རྩའི་ཐབས་ཤེས་ཤིག་ཀྱང་ཡིན། ལོ་རྒྱུས་ཀྱི་འགོ་ཚུགས་གཞི་གསར་པའི་ཐོག བསམ་བློ་བཅིངས་འགྲོལ་ཇེ་ཆེར་གཏོང་བ་དང་། སྒྱུར་བཅོས་སྔར་བས་ཟབ་སྤེལ། སྒོ་མོ་སྔར་ལས་ཆེར་འབྱེད་བཅས་བྱེད་རྒྱུ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་འདོན་སྤེལ་གང་ཐུབ་དང་། ས་གནས་ཁག་གིས་དོན་དངོས་དང་བསྟུན་ནས། གདོང་ལེན་ཕོད་པ་དང་། ཚོད་ལྟ་ཕོད་པ། མཁྲེགས་སར་གཏུག་ཕོད་བཅས་ཀྱི་བསྔགས་སྐུལ་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་རྒྱུན་མ་ཆད་པར་མདུན་དུ་སྤེལ་འདེད་གཏོང་རྒྱུ། གསུམ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་འགག་སྒྲོལ་གྱི་འཐབ་འཛིང་གསུམ་དམ་འཛིན་བྱེད་རྒྱུ། ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་ཞིབ་ཕྲ་ཁག་སོ་སོར་བཏོན་ནས། དུས་ཚོད་ཀྱི་རེའུ་མིག་དང་། ལམ་ཐིག དམིགས་བཀར་གོ་རིམ་བཅས་བསྒྲིགས་ཏེ། ཉམས་ཉེན་དང་རྐྱེན་ངན་འབྱུང་གཞི་ཚོད་འཛིན་ནུས་ལྡན་ཀྱིས་འགན་ལེན་ཏན་ཏིག་དང་། དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པའི་འགན་ལེན་ཏན་ཏིག སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་སྤྱིའི་ཆ་ནས་ལེགས་བཅོས་ཡོང་བའི་འགན་ལེན་ཏན་ཏིག་བཅས་བྱེད་རྒྱུ། ང་ཚོས་བསྒྲུབ་བྱའི་ལས་དོན་ཐམས་ཅད་མི་དམངས་ཀྱི་དོན་དུ་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། རང་རྒྱལ་གྱི་གཞི་རྩིའི་གནས་ཚུལ་ལ་གཞིགས་ཤིང་། གང་ཐུབ་ཅི་ཐུབ་དང་། རང་ནུས་གང་ལྕོགས་ཀྱིས་བསྒྲུབས་ནས་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དོན་དག་རེ་རེ་བཞིན་ཐག་གཅོད་ཡག་པོར་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམ་དྲང་བདེན་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱས་ཏེ། མི་དམངས་ཀྱི་འཚོ་བ་རྒྱལ་ཁབ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ལོ་རེ་ལས་ལོ་རེར་ལེགས་སུ་འགྲོ་བར་བྱེད་རྒྱུ།

གསུམ། 2018ལོའི་སྲིད་གཞུང་ལས་དོན་ལ་བཏོན་པའི་གྲོས་འགོ།

ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ཧ་ཅང་ལྗིད་པོ་རེད། ལས་ཀ་བྱེད་རིན་ཆེན་པོ་ལྡན་པའི་ལོ་རྒྱུས་གོ་སྐབས་ཀྱི་དུས་ཡུན་དམ་འཛིན་བྱས་ཏེ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། གཙོ་གནད་འབུར་དུ་ཐོན་པ་བཅས་ཀྱི་ཐོག་ནས། ལས་དོན་ཁག་ཏན་ཏིག་ངང་ནས་ཡག་པོར་བསྒྲུབ་རྒྱུ།

(གཅིག) མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་པ་མཐའ་འཁྱོངས་དང་། “གསུམ་དོར་གཅིག་གཅོག་གཅིག་གསབ་”མུ་མཐུད་དམ་འཛིན་ལེགས་པོར་བྱེད་རྒྱུ་དང་། ལས་ཁུངས་ཁུ་བསྡུ་དང་དཔྱ་ཁྲལ་དང་འགྲོ་གྲོན་ཆག་ཡང་ཤུགས་ཆེན་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མ་ཆད་པར་བཟང་དུ་གཏོང་བ། ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་སྔར་ལས་ལྷག་པར་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ།

འགུལ་ནུས་གསར་པ་འཕེལ་རྒྱས་རྒྱ་སྐྱེད་གཏོང་རྒྱུ། གསར་དར་ཐོན་ལས་མང་འདུས་ཇེ་ཆེ་དང་ཇེ་རྒྱས་སུ་གཏོང་རྒྱུ་དང་། གཞི་གྲངས་ཆེན་པོ་འཕེལ་རྒྱས་གཏོང་བའི་ལས་སྒོ་ལག་ལེན་བསྟར་བ། མི་བཟོས་རིག་སྟོབས་རབས་གསར་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་དང་། རྒན་གསོ། སློབ་གསོ། རིག་གནས། ལུས་རྩལ་སོགས་པའི་ཁྱབ་ཁོངས་མང་པོར་“དྲ་སྦྲེལ་+”སྐུལ་སྤེལ་གཏོང་བ་བཅས་བྱེད་རྒྱུ། རིག་ནུས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རིག་ནུས་ཀྱི་འཚོ་བ་རྒྱ་བསྐྱེད་རྒྱུ། ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་བཀོལ་སྤྱོད་བྱས་ཏེ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་ཤུགས་ཆེན་བྱེད་རྒྱུ། གསར་དར་ཐོན་ལས་སྡོམ་རྩིས་རྒྱག་ཤུགས་ཆེ་རུ་གཏོང་རྒྱུ། དྲ་སྦྲེལ་མྱུར་ཚད་མགྱོགས་སུ་གཏོང་བ་དང་འགྲོ་གྲོན་གཅོག་ཚད་ཆེ་རུ་གཏོང་བ། མགྱོགས་ཤིང་ཤོང་ཆེའི་དྲ་སྦྲེལ་གྲོང་ཁྱེར་དང་གྲོང་རྡལ་ཡོངས་ལ་ཁེབས་པར་བྱེད་རྒྱུ། མི་མང་འདུ་འཛོམས་བྱ་ཡུལ་དུ་རིན་མེད་དྲ་འཇུག་གི་ཁྱབ་ཁོངས་རྒྱ་བསྐྱེད་པ། ཁྱིམ་ཚང་དང་ཁེ་ལས་ཀྱི་ཤོང་ཆེའི་དྲ་སྦྲེལ་དང་ཆེད་སྤྱོད་ཁ་པར་བཀོལ་སྤྱོད་བྱེད་རིན་མུ་མཐུད་དེ་གཅོག་རྒྱུ། དྲ་སྦྲེལ་“འཁྱམས་མྱུལ་”བྱེད་ཚད་ཀྱི་འགྲོ་གྲོན་མེད་པར་བཟོ་རྒྱུ། སྤོ་སྒུལ་དྲ་སྦྲེལ་བྱེད་ཚད་གྱི་འགྲོ་གྲོན་ལོ་འཁོར་འདིའི་ནང་ཉུང་མཐར་ཡང་30%ཆག་པར་བྱས་ཏེ། མང་ཚོགས་དང་ཁེ་ལས་ལ་ཕན་ཁེ་ཏན་ཏིག་ཐོབ་ཏུ་འཇུག་རྒྱུ་དང་། གཞི་གྲངས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་རོགས་ལ་ཤུགས་སྣོན་དང་འབད་བརྩོན་བྱེད་རྒྱུ།

གསར་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ། འདུས་གྲུབ་གློག་ལམ་དང་། སྤོ་སྒུལ་འཕྲིན་སྐྱེལ་རབས་ལྔ་པ། གནམ་གྲུའི་སྒུལ་བྱེད་འཕྲུལ་འཁོར། ནུས་ཁུངས་གསར་པའི་རླངས་འཁོར། རྒྱུ་ཆ་གསར་པ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞན་ཆའི་སྒྲིག་ཆས་ཀྱི་ཆེད་དོན་ལས་གྲྭ་གལ་ཆེན་ལག་བསྟར། བཟོ་ལས་ཀྱི་འབྲེལ་མཐུད་དྲ་སྦྲེལ་ལས་སྟེགས་འཕེལ་རྒྱས་གཏོང་བ། “ཀྲུང་གོའི་བཟོ་སྐྲུན་2025ལོའི་”དཔེ་སྟོན་ཁུལ་གསར་འཛུགས་བཅས་བྱེད་རྒྱུ། བཟོ་ལས་ཐོན་སྐྱེད་ཆོག་འཐུས་ལག་འཁྱེར་ཉུང་འཕྲི་ཆེས་ཆེར་བྱེད་པ་དང་། ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤུས་ཀ་ཇེ་མཐོར་གཏོང་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་དཔེ་བསྡུར་དང་ཚད་ལོན་པར་བྱེད་པ་དང་། བཟོ་བོའི་སྙིང་རུས་དར་སྤེལ་བཏང་ནས་ཀྲུང་གོས་བཟོ་སྐྲུན་བྱས་པའི་སྤུས་ཀར་གསར་བརྗེ་ཐེངས་ཤིག་བྱེད་རྒྱུ།

ཕན་མེད་མཁོ་སྤྲོད་མུ་མཐུད་དེ་མེད་པར་བཟོ་རྒྱུ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་སྤྱོད་པ་མཐའ་འཁྱོངས་དང་། ཁོར་ཡུག་སྲུང་སྐྱོབ་དང་། སྤུས་ཀ་དང་བདེ་འཇགས་སོགས་པའི་ཁྲིམས་སྲོལ་གྱི་ཚད་གཞི་ལག་བསྟར་ནན་པོར་བྱེད་པ། ཐོན་ནུས་ལྷག་ཐལ་ཤོར་བ་སེལ་རྒྱུ་དང་། ཐོན་ནུས་རྗེས་ལུས་འདོར་རྒྱུ། ད་ལོར་ཡང་བསྐྱར་ངར་ལྕགས་ཐོན་ནུས་ཏུན་ཁྲི་3000ཡས་མས་ཉུང་འཕྲི་བྱེད་རྒྱུ་དང་། རྡོ་སོལ་ཐོན་ནུས་ཏུན་དུང་ཕྱུར་1.5ཡས་མས་ཕྱིར་འཐེན་བྱེད་རྒྱུ། རྡོ་སོལ་གློག་འདོན་ས་ཚིགས་ཚད་གཞི་མ་ལོན་པ་སྟོང་ཝ་ཁྲི་30མན་འདོར་རྒྱུ་དང་མེད་པར་བཟོ་རྒྱུ། “བེམ་རོ་ལྟ་བུའི་ཁེ་ལས་”མ་རྩ་བརྡིབས་རིགས་ཞིབ་རྩིས་དང་བསྐྱར་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་བཟོ་པ་བཀོད་སྒྲིག་དང་བུ་ལོན་ཐག་གཅོད་ལེགས་པོར་བྱེད་རྒྱུ། འབྲུ་རིགས་མཛོད་ཉར་གང་མགྱོགས་འཇུ་ཐབས་བྱེད་རྒྱུ། ཕན་མེད་མཁོ་སྤྲོད་ཉུང་འཕྲི་བྱས་ཏེ། ཕན་འབྲས་གསར་པ་ཐོན་ཐུབ་པར་བྱེད་རྒྱུ།

“གློད་སྡོམ་ཞབས་ཞུ་”གསུམ་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། རྒྱལ་ཡོངས་སུ་“དཔང་ཡིག་དང་ལག་ཁྱེར་ལོགས་སུ་འབྱེད་པའི་”སྒྱུར་བཅོས་ཁྱབ་སྤེལ་གྱི་གཙོ་གནད་ནི་ལག་ཁྱེར་རག་རྗེས་དཔང་ཡིག་ཉུང་འཕྲི་བྱས་ཏེ། ལག་ཁྱེར་སྣ་ཚོགས་ཉུང་འཕྲི་ཐུབ་རིགས་ཉུང་འཕྲི་དང་། ཟླ་སྒྲིལ་ཐུབ་རིགས་ཟླ་སྒྲིལ་བཏང་སྟེ། ཁེ་ལས་འཛུགས་གཉེར་གྱི་དུས་ཡུན་ཇེ་ཐུང་དུ་གཏོང་རྒྱུ། ཚོང་རྟགས་ཐོ་འགོད་ཀྱི་དུས་འཁོར་ཇེ་ཐུང་དུ་གཏོང་རྒྱུ་དང་། ཨར་ལས་འཛུགས་སྐྲུན་གྱི་རྣམ་གྲངས་ཞིབ་མཆན་ཞུ་ཡུན་ད་དུང་ཕྱེད་ཀ་ཉུང་འཕྲི་བྱེད་རྒྱུ། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”གི་ལྟ་སྐུལ་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྫུན་རྫུས་ཞན་གསུམ་འཕེལ་དུ་གཏན་ནས་མི་འཇུག་པ་དང་། ཁྲིམས་བསྟར་མཁན་ལ་བཟའ་འཁྱེར་བཀག་ལེན་བྱེད་དུ་གཏན་ནས་འཇུག་རྒྱུ་མིན། “དྲ་སྦྲེལ་+སྲིད་དོན་ཞབས་ཞུ་”སྐུལ་སྤེལ་གཏིང་ཟབ་བྱས་ནས། དོན་དག་སྔར་ལས་མང་པོ་ཞིག་དྲ་སྦྲེལ་ཐོག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། ངེས་པར་དུ་ཡུལ་དངོས་སུ་བསྐྱོད་ནས་སྒྲུབ་དགོས་རིགས་ཀྱང་“སྒོ་གཅིག་རང་ལས་འཛུལ་མི་དགོས་པ་”དང་། “མང་ནའང་ཐེངས་མ་གཅིག་ལས་སྐྱོད་མི་དགོས་པའི་”བརྩོན་ལེན་ཐུབ་པར་བྱེད་རྒྱུ། ཕྱོགས་བསྡུས་ཀྱི་ཁྲིམས་བསྟར་ལས་ཁུངས་ཀྱི་གྲུབ་ཚུལ་སྒྱུར་བཅོས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས། སྣེ་མང་དང་རིམ་མང་གིས་ཁྲིམས་བསྟར་བསྐྱར་ཟློས་བྱེད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་རྒྱུ། སྲིད་གཞུང་གི་ཆ་འཕྲིན་མ་ལག་ཕན་ཚུན་སྦྲེལ་མཐུད་ཇེ་མགྱོགས་སུ་བཏང་ནས། ཆ་འཕྲིན་མེད་པའི་ཁེར་ཆགས་གླིང་དང་སྦྲེལ་མཐུད་ཐུབ་པར་བྱེད་རྒྱུ། མང་ཚོགས་དང་ཁེ་ལས་ཀྱི་ལས་གཉེར་དཔང་ཡིག་སྣ་ཚོགས་གཙང་བཤེར་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་རིགས་ཐམས་ཅད་མེད་པར་བཟོ་རྒྱུ། གཉེར་སྐྱོང་དང་ཚོང་ལས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་བ་དང་། འགྲན་ནུས་ཇེ་ཆེར་གཏོང་བ་ཡིན་པས། འགོག་རྐྱེན་སེལ་བ་དང་། དཀའ་རྙོག་སེལ་བ། བདེ་ལམ་སྐྲུན་པ་བཅས་ཀྱི་ཐོག་ནས་ཚོང་རའི་བྱེད་པོར་གསོན་ཤུགས་བསྣན་ཏེ་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ།

ཁེ་ལས་ཀྱི་དཔྱ་ཁྲལ་འཁུར་པོ་ཇེ་ཡང་དུ་གཏོང་རྒྱུ། གནས་ཐང་འཕར་ཁྲལ་སྒྱུར་བཅོས་འཐུས་ཚང་བྱེད་པར། རིམ་གསུམ་རིམ་གཉིས་སུ་སྒྲིལ་བའི་ཁ་ཕྱོགས་ལྟར་ཁྲལ་ཚད་མཐོ་དམའ་སྙོམས་སྒྲིག་བྱས་ཏེ། བཟོ་སྐྲུན་ལས་རིགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལ་སོགས་པའི་ལས་རིགས་ཀྱི་ཁྲལ་ཚད་གཙོ་གནད་དུ་གཅོག་རྒྱུ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་ལོ་རེའི་ཕྱིར་འཚོང་གྲངས་འབོར་ཚད་གཞི་ཇེ་མཐོར་གཏོང་རྒྱུ། ཐོབ་ཁྲལ་གྱི་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་གི་སྲིད་ཇུས་ལོངས་སུ་སྤྱོད་པའི་ཁེ་ལས་ཆུང་ཕྲན་གྱི་གཞི་ཁྱོན་ཇེ་ཆེར་གཏོང་རྒྱུ། ཁེ་ལས་ཀྱིས་ཡོ་བྱད་དང་སྒྲིག་ཆས་གསར་པ་ཉོ་བའི་ཁྲལ་གོང་འཐེན་ཆའི་ཚད་གཞི་ཇེ་མཐོར་གཏོང་རྒྱུ། ཁེ་ལས་ཀྱི་རྒྱལ་ཁོངས་ཕྱིའི་ཐོབ་ཁྲལ་ཕྱོགས་བསྡུས་ཀྱིས་འཕྲི་གཅོག་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། དངོས་ཟོག་འགྲེམས་སྐྱེལ་ཁེ་ལས་ཀྱི་མཛོད་ཁང་ས་ཆ་སྤྱོད་པར་དཔྱ་ཁྲལ་བསྡུ་བའི་གཟིགས་སྐྱོང་བྱེད་ཁོངས་ཆེ་རུ་གཏོང་རྒྱུ། ཁེ་ལས་བསྐྱར་སྒྲིག་གི་ས་ཆའི་གནས་ཐང་འཕར་ཁྲལ་དང་། གན་ཁྲལ་སོགས་དུས་ཆད་ཐིམས་པའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ལོ་ཧྲིལ་པོར་ཁེ་ལས་དང་སྒེར་པར་ཡང་བསྐྱར་དཔྱ་ཁྲལ་སྒོར་དུང་ཕྱུར་8000ཉུང་འཕྲི་བྱས་ཏེ། དངོས་གཞིའི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་ཡར་སྐུལ་དང་། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་གང་ཐུབ་བྱེད་རྒྱུ།

ཁེ་ལས་ཀྱི་དཔྱ་ཁྲལ་མིན་པའི་འཁུར་པོ་ཇེ་ཡང་དུ་གཏོང་རྒྱུ། སྲིད་འཛིན་གྱི་བྱ་ལས་རང་བཞིན་གྱི་འགྲོ་གྲོན་བསྡུ་རིགས་སྔར་བས་གཙང་བཤེར་དང་ཚད་ལྡན་བཟོ་བ་དང་། སྲིད་གཞུང་གི་རང་བཞིན་ལྡན་པའི་ཐེབས་རྩ་བསྡུ་བའི་ཚད་གཞི་ཁག་གཅིག་གཅོག་རྒྱུ། ཁེ་ལས་ཀྱི་“འགན་བཅོལ་ལྔ་དང་གསོག་དངུལ་གཅིག་”གི་དངུལ་སྤྲོད་བསྡུར་ཚད་དུས་རིམ་རང་བཞིན་ལྟར་མུ་མཐུད་གཅོག་རྒྱུ། གློག་དྲའི་ལྷུ་ཚིགས་ཀྱི་དངུལ་བསྡུ་དང་འདྲེན་སྦྱོར་གློག་རིན་བཅག་ནས། བཟོ་ཚོང་ལས་རིགས་སྤྱིར་བཏང་པའི་གློག་རིན་ཆ་སྙོམས་10%གཅོག་རྒྱུ། རིན་དངུལ་བསྡུ་བའི་གཞུང་ལམ་གྱི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་སྤེལ་རྒྱུ་དང་། ལམ་རིན་དང་ཟམ་རིན་གཅོག་རྒྱུ། བར་སྨྱན་ཞབས་ཞུའི་རིན་དངུལ་གཙང་བཤེར་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལོ་ཧྲིལ་པོར་ཚོང་རའི་བྱེད་པོར་དཔྱ་ཁྲལ་མིན་པའི་འཁུར་པོ་སྒོར་དུང་ཕྱུར་3000ལྷག་ཙམ་ཇེ་ཡང་དུ་གཏོང་རྒྱུ་དང་། ལུགས་མཐུན་མིན་རིགས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། མཐོ་དྲགས་རིགས་མཐའ་གཅིག་ཏུ་གཅོག་ཐུབ་པར་བྱས་ཏེ། ཁེ་ལས་ལ་རྡོག་ཁྲེས་ཕབ་ནས་ལས་སུ་འཇུག་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་འཕེལ་རྒྱས་གཏོང་དུ་འཇུག་རྒྱུ།

(གཉིས།) གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། འཛམ་གླིང་གི་ཚན་རྩལ་གསར་བརྗེའི་རེས་སྐོར་གསར་པ་དང་ཐོན་ལས་འཕོ་འགྱུར་གྱི་གནས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་གསར་གཏོད་བྱེད་ཤུགས་དང་འགྲན་རྩོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ།

རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ལས་གཞི་གལ་ཆེན་ཁག་གཅིག་འགོ་བརྩམས་ནས། ཚད་གཞི་མཐོ་བའི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་རྒྱུ། ཁེ་ལས་ཀྱིས་སྣེ་ཁྲིད་དེ་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་འགོ་བརྩམ་རྒྱུ་དང་། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ ཁེ་ལས་བཅས་མཉམ་འདྲེས་ཀྱིས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གསར་གཏོད་དངོས་བསྒྱུར་བཀོལ་སྤྱོད་མགྱོགས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ཚན་རྩལ་འཇོག་བྱ་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་ཆ་ལྡན་པར་བྱས་ཏེ། སྨུག་རྡུལ་བཅོས་སྐྱོང་དང་། སྐྲན་ནད་སོགས་པའི་ནད་རིགས་ལྗིད་པོ་འགོག་བཅོས་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཐོག ཚན་རྩལ་གྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་བྱེད་རྒྱུ།

གསར་གཏོད་སྐུལ་ལྕག་གི་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རྩལ་ལ་དོ་དམ་བྱེད་པའི་ལམ་ལུགས་སྒྱུར་བཅོས་དང་། གྲུབ་འབྲས་དང་ཕན་ནུས་ལ་གདེང་འཇོག་བྱེད་པ་དེ་བརྒྱུད་རིམ་གཙོ་བོར་འཛིན་པ་ནས་གྲུབ་འབྲས་གཙོ་བོར་འཛིན་པ་ཇེ་མགྱོགས་སུ་གཏོང་རྒྱུ། གསར་གཏོད་ཚོགས་པ་དང་སྣེ་ཁྲིད་ཤེས་ལྡན་པར་མི་རྒྱུ་དངོས་གསུམ་བགོ་སྒྲིག་བྱེད་དབང་དང་ལག་རྩལ་གཉེར་ཕྱོགས་ཇུས་ཐག་གཅོད་དབང་སྔར་ལས་ཆེན་པོ་སྤྲོད་རྒྱུ། ཚན་རྩལ་འགག་སྒྲོལ་གྱི་འགན་འཁྲི་གལ་ཆེན་འཁུར་བའི་ཚན་ཞིབ་པར། སྟབས་བསྟུན་གྱི་གླ་ཕོགས་ལམ་ལུགས་དང་བྱ་དགའ་སྤྲོད་ཐབས་ལག་བསྟར་བྱེད་རྒྱུ། ཚན་ཞིབ་པར་ཚན་རྩལ་གྲུབ་འབྲས་རང་བདག་དབང་ཆ་དང་ཡུན་རིང་བཀོལ་སྤྱོད་བྱེད་དབང་སྤྲོད་པ་འཚོལ་ཞིབ་བྱེད་རྒྱུ། གསར་གཏོད་ལ་བསྔགས་སྐུལ་བྱེད་པའི་སྲིད་ཇུས་དང་འགལ་བའི་སྒྲིག་སྲོལ་རྙིང་པའི་རིགས་བཟོ་བཅོས་དང་མེད་པར་བཟོ་བ་དམ་འཛིན་བྱེད་རྒྱུ། གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པར་འགོག་རྐྱེན་བཟོ་བའི་གུས་སྲོལ་ཉག་ཉོག་གི་རིགས་མཐའ་གཅིག་ཏུ་འདོར་རྒྱུ།

དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་པའི་ཆུ་ཚད་ཇེ་མཐོར་འགྲོ་བར་བྱེད་རྒྱུ། རང་རྒྱལ་ལ་འཛམ་གླིང་ཐོག་མི་ཤུགས་ཐོན་ཁུངས་ཆེ་ཤོས་ལྡན་པས། དེ་ནི་གསར་གཏོད་འཕེལ་རྒྱས་“གྱ་ནོམ་པའི་གཏེར་ཁ་”ཆེ་ཤོས་ལྟ་བུ་ཡིན། ཕྱོགས་མཐའ་ཀུན་ཏུ་གསར་གཏོད་ལས་འབྱེད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པར། “གསར་གཏོད་གཉིས་”ཀྱི་དཔེ་སྟོན་རྟེན་གཞི་འཛུགས་པར་སྐུལ་སྤེལ་དང་། ཁེ་ལས་ཆེ་གྲས་དང་། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་བཅས་ཀྱིས་གསར་གཏོད་ཐོན་ཁུངས་ཀྱི་རིགས་སྒོ་མོ་འབྱེད་པར་བསྔགས་སྐུལ་བྱས་ཏེ། ལས་སྟེགས་དཔལ་འབྱོར་དང་། མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་བཏང་ནས། དྲ་ཐོག་དྲ་མིན་ཟུང་སྦྲེལ་དང་། ཐོན་སློབ་ཞིབ་བཀོལ་མཐུན་སྦྱོར། ཁེ་ལས་ཆེ་འབྲིང་ཆུང་གསུམ་ལྷན་འདྲེས་ཐོག་གསར་གཏོད་ལས་འབྱེད་བཅས་ཀྱི་རྣམ་པ་ཆགས་སུ་བཅུག་ཐོག “གསར་གཏོད་གཉིས་”རིམ་པ་འཕར་བར་བྱེད་རྒྱུ། རྒྱལ་ཁབ་ཀྱི་མ་དངུལ་བསྡུ་རུབ་ཀྱི་འགན་ལེན་ཐེབས་རྩ་འཛུགས་པ་དང་། གསར་གཏོད་ཅན་གྱི་ཁེ་ལས་སྤུས་དག་གི་རྐང་དངུལ་ཚོང་རར་ཞུགས་ནས་མ་དངུལ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལས་ལམ་གསར་འབྱེད་ཀྱི་མ་དངུལ་འཇོག་པ་དང་། ཕྱུག་པོའི་དངུལ་འཇོག་གི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚོད་ལྟ་བྱེད་ཁོངས་རྒྱལ་ཡོངས་སུ་རྒྱ་བསྐྱེད་རྒྱུ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ་དང་། མི་ཤུགས་ཐོན་ཁུངས་རང་མོས་ལྟར་འགྲོ་འོང་བྱེད་པར་སྐུལ་འདེད། ཁེ་ལས་ཀྱིས་ལག་རྩལ་བཟོ་པའི་གླ་ཕོགས་ཇེ་མཐོར་གཏོང་བར་རྒྱབ་སྐྱོར། ནུས་རྩལ་ཆེ་བའི་ཤེས་ལྡན་མི་སྣར་བསྔགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པའི་སློབ་མ་མེས་རྒྱལ་དུ་ལོག་ནས་གསར་གཏོད་ལས་འབྱེད་ལ་བསྔགས་སྐུལ། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ཀྲུང་གོར་གེགས་མེད་དུ་ཡོང་ལམ་རྒྱ་སྐྱེད་བཅས་བྱེད་རྒྱུ། དམངས་ཀྱི་རིག་སྟོབས་མཉམ་འདོན་བྱས་ན། ཀྲུང་གོའི་གསར་གཏོད་“ཇེ་མགྱོགས་”སུ་གཏོང་ཐུབ་ངེས་རེད།

(གསུམ།) རྨང་གཞིའི་རང་བཞིན་གྱི་འགག་རྩའི་ཁྱབ་ཁོངས་སྒྱུར་བཅོས་བྱེད་རྒྱུ། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་གོ་སྐབས་དང་བསྟུན་ནས། སྒྱུར་བཅོས་སྐུལ་སྤེལ་གཏོང་བར་འགག་སྒྲོལ་གསར་པ་བྱུང་ཞིང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་མ་ཆད་པར་བཅིངས་འགྲོལ་དང་གོང་འཕེལ་ཡོང་བར་བྱེད་རྒྱུ།

རྒྱལ་ཁབ་ལ་དབང་བའི་མ་རྩ་དང་ཁེ་ལས་སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། མ་དངུལ་འཇོག་མཁན་གྱི་ལྟ་སྐུལ་འགན་དབང་གསལ་ཐོ་བཟོ་རྒྱུ། རྒྱལ་ཁབ་ལ་དབང་བའི་མ་རྩའི་དངུལ་འཇོག་དང་། ལས་གཉེར་ཀུང་སི་སོགས་སྒྱུར་བཅོས་ཚོད་ལྟ་ཟབ་སྤེལ་བྱས་ཏེ། རང་བདག་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་མུ་མཐུད་དེ་བཟང་འགྱུར་བསྐྱར་སྒྲིག་དང་ཀྲུང་དབྱང་ཁེ་ལས་མ་རྐང་ལམ་ལུགས་སུ་སྒྱུར་བཅོས་མུ་མཐུད་སྐུལ་འདེད་བཏང་ནས། དོ་མཉམ་ཚོད་འཛིན་ནུས་ལྡན་གྱི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་དང་ཚོང་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་སྟབས་བསྟུན་ཕན་འབྲས་ཆེ་བ་གང་མྱུར་ཆགས་པ་དང་། སྐྱོན་བྲལ་ཧྲག་བསྡུས་ཡོང་བ་དང་། ལས་གཉེར་གྱི་སྲོག་ཤིང་འགན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་མ་རྩ་སྟོབས་ལྡན་ཕོན་ཆེན་སྤུས་ལེགས་སུ་འགྱུར་བའི་སྐུལ་སྤེལ་གཏོང་རྒྱུ། དབང་བའི་ལམ་ལུགས་འདྲེས་མ་སྒྱུར་བཅོས་བརྟན་པོའི་ངང་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་བྱས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་སྒྱུར་བཅོས་གསར་གཏོད་བྱེད་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུ།

དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་”མཐའ་འཁྱོངས་དང་། དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་མཐའ་འཁྱོངས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ། དམངས་གཉེར་ཁེ་ལས་ཀྱིས་བསམ་འཆར་ཞུ་བའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ནན་ཏན་བཅས་བྱས་ནས་མངོན་མེད་ཀྱི་བཀག་རྒྱ་སྣ་ཚོགས་མཐའ་གཅིག་ཏུ་སེལ་རྒྱུ། སྲིད་ཚོང་གཉིས་ཀྱི་ཉེ་གཙང་འབྲེལ་བ་དཔེ་གསར་བཙུགས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གཏན་འབེབས་ནང་ཁེ་ལས་མཁས་ཅན་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་སྲུང་སྐྱོང་བྱས་ནས། ཁེ་ལས་མཁས་ཅན་གྱི་བློ་གདེང་ཆེ་རུ་བཏང་ཐོག ཚོང་རའི་དཔལ་འབྱོར་གྱི་རླབས་རྒྱུན་ཁྲོད་དུ་དམངས་གཉེར་ཁེ་ལས་ལ་ནུས་ཤུགས་ཡོད་ཚད་འདོན་དུ་འཇུག་རྒྱུ།

རྒྱུ་ནོར་བདག་དབང་ལམ་ལུགས་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱུ་ནོར་བདག་དབང་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་རྨང་རྡོ་ལྟ་བུ་ཡིན་པས། རྒྱུ་ནོར་བདག་དབང་སྲུང་སྐྱོང་དང་། གན་རྒྱ་སྲུང་སྐྱོང་། ཚོང་ར་གཅིག་གྱུར། བརྗེ་རེས་འདྲ་མཉམ། འགྲན་རྩོད་དྲང་གཞག་བཅས་གཞི་རྩའི་སྟོན་ཕྱོགས་སུ་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དབང་གནོད་ཀྱི་བྱ་སྤྱོད་སྣ་ཚོགས་ཁྲིམས་མཐུན་ལྟར་ཐག་གཅོད་ནན་པོར་བྱས་ཏེ་རྒྱུ་ནོར་བདག་དབང་གི་རྩོད་གཞིའི་གྱོད་དོན་ཁྲིམས་མཐུན་ལྟར་ཤན་འབྱེད་དང་ཡོ་བསྲང་བྱེད་རྒྱུ། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་ཤུགས་ཆེ་རུ་གཏོང་རྒྱུ་དང་། དབང་ཆར་བཙན་གནོད་བྱེད་པར་ཉེས་ཆད་གཅོད་པའི་ངང་ཚུལ་གྱི་གུན་གསབ་ལམ་ལུགས་ལག་ལེན་བསྟར་རྒྱུ། ལག་རྩལ་དང་ས་ཆ་སོགས་པའི་རྒྱུ་རྐྱེན་གཙོ་བོའི་རིན་གོང་ཚོང་ར་ཅན་དུ་སྒྱུར་བཅོས་ཇེ་མགྱོགས་སུ་བཏང་ནས། ཐོན་ཁུངས་རིགས་ཀྱི་ཐོན་རྫས་དང་སྤྱི་པའི་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྲིད་འཛིན་གྱི་སྒེར་སྡེམ་བསལ་ཏེ་ཚོང་རའི་སྒེར་སྡེམ་སྔོན་འགོག་བྱེད་རྒྱུ། རྒྱུ་ནོར་བདག་དབང་སྲུང་སྐྱོང་ནུས་ལྡན་དང་། རྒྱུ་རྐྱེན་གཙོ་བོའི་འཁོར་སྐྱོད་ཐོགས་མེད་ལ་བརྟེན་ནས་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འགྲན་བཞིན་དུ་འདོན་སྤེལ་ཐུབ་པར་བྱེད་རྒྱུ།

ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་ནས་ཡོང་འབབ་བགོ་བཤའི་སྒྱུར་བཅོས་ཀྱི་འཆར་གཞི་གཏན་འབེབས་དམ་འཛིན་བྱས་ཏེ། གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ས་ཁང་བདག་ཁོངས་དཔྱ་ཁྲལ་གྱི་ཁྲིམས་འཛུགས་ལ་སྐུལ་སྤེལ་བརྟན་པོར་གཏོང་རྒྱུ། སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས་བྱེད་རྒྱུ། ལས་འབྲས་ལ་ཕྱོགས་ཡོངས་ནས་དོ་དམ་བྱས་ཏེ་ནོར་སྲིད་ཀྱི་མ་དངུལ་དངོས་ཕན་གནད་འཁེལ་དང་། ཉེན་མེད་དུ་སྤྱོད་རྒྱུ།

དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ། དངུལ་རྩའི་སྒྲིག་གཞི་དང་ཀུང་སི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ། དངུལ་རྩའི་སྒྲིག་གཞིས་ཀུན་ཕན་གྱི་དངུལ་རྩའི་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་དང་ས་གནས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞི་ཆུང་འབྲིང་ཚད་ལྡན་འཕེལ་རྒྱས་ཡོང་བར་བྱས་ཏེ། ཁེ་ལས་ཆུང་ཕྲན་གྱི་མ་དངུལ་བསྡུ་རུབ་དཀའ་བ་དང་མ་དངུལ་བསྡུ་རུབ་གོང་ཆེའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་རྒྱུ། རིམ་པ་མང་བའི་མ་རྩའི་ཚོང་ར་སྒྱུར་བཅོས་ཟབ་སྤེལ་བྱས་ནས་བུན་འཛིན་དང་། དུས་བཅད་ཚོང་ཟོག་གི་ཚོང་ར་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱེད་རྒྱུ། འགན་བཅོལ་ཚོང་རའི་ཉམས་ཉེན་འགན་སྲུང་བྱེད་ནུས་རྒྱ་ཆེར་གཏོང་རྒྱུ། སྐྱེད་ཀ་དང་དངུལ་ལོར་གྱི་འཛའ་ཐང་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་དུ་རྩ་བའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ།

སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ། རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་སྤེལ་ནས། ཁེ་ལས་ཀྱི་ལས་བཟོའི་མ་མཐའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་ནས་སྙོམས་སྒྲིག་བྱེད་པའི་ལམ་ལུགས་འཛུགས་རྒྱུ། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ཇེ་ཟབ་ཏུ་བཏང་ནས། སྨན་བཅོས་རིན་གོང་དང་། མི་དོན་གླ་ཕོག སྨན་རྫས་འཁོར་རྒྱུག སྨན་བཅོས་འགན་ལེན་གྱི་གཏོང་སྤྲོད་བཅས་ཀྱི་སྒྱུར་བཅོས་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་སྟེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། མང་ཚོགས་སྨན་པ་བསྟེན་པ་དང་སྨན་བཅོས་དཀའ་བའི་དཀའ་བ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐག་གཅོད་རྒྱུ། སློབ་གསོ་དང་། རིག་གནས། ལུས་རྩལ་སོགས་སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གཏིང་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་རྒྱུ།

སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་དོ་དམ་ལམ་ལུགས་སྒྱུར་བཅོས་འཐུས་ཚང་བྱེད་པ་དང་། རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་དམིགས་སྒོ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་བཏང་བའི་གུན་གསབ་ལམ་ལུགས་ཁྱབ་གདལ་གཏོང་བ། སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལམ་ལུགས་སྔར་བས་ནུས་ལྡན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ།

(བཞི།)འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོར་རྒྱག་རྒྱུ། ལོ་འཁོར་གྱི་འགག་སྒྲོལ་ལས་འགན་ལེགས་སྒྲུབ་བྱ་རྒྱུར་དམིགས་ནས། ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་དུ་གཏོང་བ་དང་སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་ཏན་ཏིག་གིས་ཡག་པོར་བསྒྲུབ་རྒྱུ།

ཉམས་ཉེན་ཆེན་པོ་སྔོན་འགོག་དང་སེལ་བའི་སྐུལ་སྤེལ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱེད་རྒྱུ། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་དངུལ་རྩའི་ཉམས་ཉེན་སྤྱི་ཡོངས་ནས་ཚོད་འཛིན་ཐུབ་པ་ཡིན་པས། རྩ་ལག་མཉམ་བཅོས་ཀྱིས་ཉམས་ཉེན་འབྱུང་གཞི་ཕན་འབྲས་ཐོན་པར་སེལ་རྒྱུ། ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་དང་དངུལ་རྩའི་ཁ་བསླུས་རྒྱག་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་དངུལ་བུན་མ་རྐང་དུ་བསྒྱུར་བ་དང་ཁེ་ལས་ཟླ་སྒྲིལ་བསྐྱར་འཛུགས་ཇེ་མགྱོགས་སུ་བཏང་སྟེ། དངུལ་རྩའི་སྒྲིག་གཞིའི་ཉམས་ཉེན་ནང་ཁུལ་དུ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དངུལ་རྩའི་ལྟ་སྐུལ་དོ་དམ་གཅིག་གྱུར་གྱིས་འཆར་འགོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གྲིབ་གཟུགས་དངུལ་ཁང་དང་། དྲ་སྦྲེལ་གྱི་དངུལ་རྩ། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སི་སོགས་ལ་ལྟ་སྐུལ་དོ་དམ་འཐུས་ཚང་ཡོང་བར་བྱས་ཏེ་དངུལ་རྩའི་ལྟ་སྐུལ་དོ་དམ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ། ས་གནས་སྲིད་གཞུང་གི་བུ་ལོན་ཉམས་ཉེན་འགོག་ཟོན་སེལ་ཐབས་བྱེད་རྒྱུ། སྒྲིག་འགལ་ཁྲིམས་འགལ་གྱི་བུ་ལོན་སྣ་ཚོགས་བཟོ་བ་དང་། ཁག་ཐེག་བྱེད་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་རྒྱུ། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རང་ཁོངས་ཁུལ་གྱི་བུ་ལོན་ལ་སྤྱི་ཡོངས་ནས་འགན་འཁུར་རྒྱུ་དང་། ཞིང་ཆེན་རིམ་པ་མན་གྱི་ས་གནས་སྲིད་གཞུང་གིས་རང་རང་གི་འགན་འཁྲི་འཁུར་ནས་བུ་ལོན་གསོག་གྲངས་བརྟན་པོའི་ངང་ཐག་གཅོད་གང་ཐུབ་བྱེད་རྒྱུ། ས་གནས་སྲིད་གཞུང་གི་བུན་ལེན་དངུལ་བསྡུའི་སྒྲིག་སྲོལ་འཐུས་ཚང་དང་ཚད་ལྡན་ཡོང་བར་བྱེད་རྒྱུ། ད་ལོ་ས་གནས་ཀྱི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི་1.35བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་ན་ནིང་ལས་སྒོར་དུང་ཕྱུར་5500མང་དུ་གཏོང་རྒྱུ་ཡིན་ཞིང་། དེ་དག་རྣམ་གྲངས་སྐྲུན་བཞིན་པ་བརྟན་པོའི་ངང་བསྐྲུན་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཆེད་དོན་བུན་འཛིན་སྤྱོད་ཁོངས་ཚུལ་མཐུན་ངང་ཆེ་རུ་གཏོང་རྒྱུ། རང་རྒྱལ་དཔལ་འབྱོར་གྱི་གཞི་རྩའི་ཆ་ལེགས་ཤིང་སྲིད་ཇུས་ཀྱི་བྱེད་ཐབས་ཀྱང་མང་བས་རྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་རྦད་དེ་བརྟན་པོར་སྲུང་ཐུབ་རྒྱུ་རེད།

གནད་འཕིགས་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ད་ལོ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་སླར་ཉུང་དུ་བཏང་སྟེ་མི་གྲངས་ཁྲི་280ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐུབ་པར་བྱེད་རྒྱུ། ཐོན་ལས་དང་། སློབ་གསོ། བདེ་ཐང་། སྐྱེ་ཁམས་བཅས་ཀྱི་དབུལ་སྐྱོར་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་སྟེ་དབུལ་སྒྲོལ་གྱི་གཏིང་གི་སྒུལ་ཤུགས་འཕེལ་བར་བྱེད་རྒྱུ། ཤིན་ཏུ་དབུལ་བའི་ས་ཁུལ་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱི་དབུལ་སྐྱོར་དངུལ་འཇོག་མང་དུ་གཏོང་རྒྱུ་དང་དེ་བཞིན་འབྲེལ་ཡོད་གཏོང་སྤྲོད་སྤོ་སྒྱུར་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་ཆ་ལྡན་པར་བྱེད་རྒྱུ། རྒན་རྒོནདང་། དབང་པོ་སྐྱོན་ཅན། ནད་གཞི་ཚབས་ཆེན་ཕོག་པ་སོགས་དམིགས་བསལ་གྱི་མི་འབོར་དབུལ་པོར་དུད་ཚང་དང་མི་སྣའི་རྒྱུ་རྐྱེན་ལ་གཞིགས་ནས་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ། འགག་སྒྲོལ་བྱེད་ཡུན་དུ་དབུལ་བྲལ་སྲིད་ཇུས་དང་མི་འགལ་བ་རྒྱུན་འཛིན་བྱས་ཏེ། མི་འབོར་དབུལ་པོ་ཐོན་རིགས་དང་དབུལ་པོ་བསྐྱར་ལོག་གི་མི་འབོར་ཚོ་རོགས་སྐྱོར་བྱེད་ཁོངས་སུ་འཇུག་རྒྱུ། དབུལ་སྐྱོར་མ་དངུལ་སྡེབ་སྒྲིག་དང་བྱས་འབྲས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་ནས་དཔྱད་ཞིབ་ལྟ་སྐུལ་བྱེད་ཐབས་ལེགས་སུ་གཏོང་རྒྱུ། ད་ཆ་ལག་ལེན་བསྟར་མུས་ཀྱི་དབུལ་སྒྲོལ་ཚད་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རིམ་དང་སྤུས་ཚད་འགན་ལེན་བྱས་ཏེ། དབུལ་སྒྲོལ་ལ་མང་ཚོགས་ཀྱི་ཁས་ལེན་ཏན་ཏིག་ཐོབ་པ་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཏུ་འཇུག་རྒྱུ།

སྦགས་བཙོག་འགོག་བཅོས་ལ་ཕན་འབྲས་སྔར་ལས་ཆེན་པོ་ཐོན་པའི་སྐུལ་སྤེལ་གཏོང་རྒྱུ། མཁའ་རླུང་གཙང་མར་སྲུང་བའི་འཐབ་རྩོད་ཀྱི་འབྲས་བུ་སྲ་བརྟན་དུ་བཏང་ནས་ད་ལོ་དབྱང་གཉིས་ཟི་རྫས་དང་ཏྭན་དབྱང་འགྱུར་རྫས་འབུད་ཚད་3%གཅོག་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ་(PM2.5)གར་ཚད་མུ་མཐུད་ཆག་པར་བྱེད་རྒྱུ། ངར་ལྕགས་སོགས་པའི་ལས་རིགས་ཀྱི་འབུད་སྐྱུར་བྱེད་ཚད་ཤིན་ཏུ་ཉུང་བའི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ། སྦགས་བཙོག་འབུད་པའི་ཚད་གཞི་མཐོ་རུ་བཏང་ནས། དུས་བཀག་ལྟར་དམིགས་ཚད་ལོན་པར་བྱེད་རྒྱུ། ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱིས་ཚད་གཞི་ལས་བརྒལ་ནས་མཇུག་རླངས་འབུད་ཚུལ་ཆེད་དོན་བཅོས་སྐྱོང་བྱེད་རྒྱུ། ཆུ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། ད་ལོ་རྫས་འགྱུར་གསོ་རླུང་མཁོ་ཚད་དང་ཨན་ཏྭན་འབུད་ཚད་2%ཆག་པར་བྱེད་རྒྱུ། བཞུར་རྒྱུད་ཁུལ་གཙོ་བོ་དང་མཚོ་ངོགས་དང་ཉེ་བའི་མཚོ་ཁོངས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་ཏེ་ཆུ་ནག་དྲི་ལྡན་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་རྒྱུ། བཙོག་ཆུ་གཙང་སེལ་གྱི་སྒྲིག་ཆས་བསྐྲུན་ཤུགས་ཆེ་རུ་བཏང་ནས་གྲོན་དངུལ་བསྡུ་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། “ཕྱི་རྒྱལ་གྱི་གད་སྙིགས”རྒྱལ་ནང་དུ་འདྲེན་རིགས་ནན་འགོག་བྱེད་རྒྱུ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་གཞི་ཐིག་ཁྱོན་ཡོངས་ནས་དབྱེ་འབྱེད་གཏན་འཁེལ་བྱས་ནས། ནགས་བཟོ་མུའུ་དུང་ཕྱུར་1ཡན་ལེགས་སྒྲུབ་བྱེད་རྒྱུ་དང་། རྨོ་ཞིང་འདེབས་འཇོག་རེས་མོས་ཚོད་ལྟ་བྱེད་ཁྱོན་མུའུ་ཁྲི་3000བར་ཆེ་རུ་གཏོང་རྒྱུ། འདམ་ར་སྲུང་སྐྱོང་དང་སླར་གསོ་བྱེད་ཁོངས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་གཏིང་ཟབ་སྤེལ་རྒྱུ་བཅས་རེད། མཚོ་བརྒྱངས་ས་ཆ་བཟོ་རིགས་ཚོད་འཛིན་ནན་པོར་བྱེད་རྒྱུ། ཁོར་ཡུག་ཁྲིམས་འཛིན་ནན་པོར་བྱེད་རྒྱུ། ང་ཚོས་ལྷན་དུ་སྒུལ་ནས་ནམ་མཁའ་སྔོ་ཞིང་། ས་གཞི་ལྗང་བ། ཆུ་མོ་དྭངས་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་གཏོད་རྒྱུ།

(ལྔ།) གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བྱེད་རྒྱུ། ཚན་རིག་དང་མཐུན་པའི་ངང་ནས་འཆར་གཞི་འདིང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་ཆེ་རུ་གཏོང་རྒྱུ།

ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ། ཞིང་འབྲོག་ནགས་གསུམ་དང་ཉ་ལས་དང་དེ་བཞིན་འདེབས་འཛུགས་ལས་རིགས་གསར་གཏོད་འཕེལ་རྒྱས་ཡོང་བར་བྱས་ཏེ། དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་དང་། ཁྱད་ལྡན་ཞིང་ཞོར་ཐོན་རྫས་བཟང་ཆའི་ཁུལ་བཅས་གང་མགྱོགས་བསྐྲུན་རྒྱུ་དང་། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་ལེགས་སུ་གཏོང་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8000ཡན་དང་ནུས་པ་ཆེ་ལ་ཆུ་གྲོན་ཆུང་བའི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་2000མང་དུ་གཏོང་རྒྱུ། གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་ཧུར་ཐག་བྱས་ནས་ཞིང་དུད་ཆུང་ངུར་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། “དྲ་སྦྲེལ་+ཞིང་ལས་”འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཐབས་ལམ་སྣ་མང་ཐོག་ནས་ཞིང་འབྲོག་གི་ཡོང་འབབ་མང་དུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱ་རྒྱུ།

ཕྱོགས་ཡོངས་ནས་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། ས་ཞིང་འགན་གཙང་ལེན་རེས་གཉིས་པའི་དུས་ཡུན་ཐིམས་རྗེས་སླར་ཡང་ལོ་30ནར་འགྱངས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་རྒྱུ། ས་ཁང་གི་བདག་དབང་དང་། ཐོབ་ཐང་གི་དབང་ཆ། བཀོལ་སྤྱོད་བྱེད་དབང་བཅས་ཆ་བགོས་སྒྱུར་བཅོས་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ། རྨོ་ཞིང་འཛིན་གསབ་དོ་མཉམ་གྱི་དོ་དམ་བྱེད་ཐབས་ལེགས་སུ་བཏང་ནས། གསར་སྣོན་རྨོ་ཞིང་གི་དམིགས་ཚད་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ས་ཆ་སྣོན་འཕྲི་ཟུང་སྦྲེལ་གྱི་དམིགས་ཚད་ལྷག་མ་ཞིང་ཆེན་མངའ་ཁོངས་ལས་བརྒལ་ཏེ་སྙོམས་སྒྲིག་བྱེད་པའི་སྒྲིག་སྲོལ་བཙུགས་ཏེ། དེ་ལས་ཐོབ་པའི་ཁེ་ཕན་ཚང་མ་དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་ཐད་སྤྱོད་རྒྱུ། འབྲུ་རིགས་གསོག་ཉར་དང་། མཉམ་སྡེབ་ཀྱི་རྒྱུ་ནོར་བདག་དབང་། མཉམ་སྡེབ་ཀྱི་ནགས་དབང་། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་དང་ནགས་ར། ས་ཞིང་གསར་སྦོལ། མཁོ་སྤྲོད་ཁང་སོགས་སྒྱུར་བཅོས་ཇེ་ཟབ་ཏུ་བཏང་ནས། ཞིང་ལས་དང་གྲོང་གསེབ་སྐྱེ་སྟོབས་ཀྱི་གསོན་ཤུགས་ཀྱིས་ཁེངས་པར་བྱེད་རྒྱུ།

གྲོང་གསེབ་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། ཆུ་དང་གློག་མཁོ་འདོན་དང་ཆ་འཕྲིན་སོགས་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20བསྐྱར་སྐྲུན་རྒྱས་སྐྲུན་བྱེད་རྒྱུ། གྲོང་གསེབ་པ་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལོ་གསུམ་བརྟན་པོའི་ངང་བྱས་ནས་“གསང་སྤྱོད་གསར་བརྗེར་”སྐུལ་སྤེལ་གཏོང་རྒྱུ། གྲོང་གསེབ་ཀྱི་གོམས་སྲོལ་བརྗེ་སྒྱུར་ལ་ཡར་སྐུལ་བྱེད་རྒྱུ། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་གསུམ་ཟུང་དུ་སྦྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་བསྐྱོད་པ་མཐའ་འཁྱོངས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མངོན་འགྱུར་གང་མགྱོགས་ཡོང་བར་བྱེད་རྒྱུ།

(དྲུག)ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། ས་ཁོངས་འཕེལ་རྒྱས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་བཏང་ནས། ས་གནས་ཁག་གི་བསྡུར་ལྡན་བཟང་ཆ་དང་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱེད་རྒྱུ།

ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་སྒྱུར་བཅོས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་འགྲེམ་སྙོམས་གཙོ་གནད་དུ་བྱེད་པའི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་བཏང་སྟེ། འགོ་འཛུགས་གཞི་མཐོན་པོ་ནས་འཆར་འགོད་དང་ཚད་གཞི་མཐོ་པོའི་སྒོ་ནས་ཞུང་ཨན་ཁུལ་གསར་བསྐྲུན་རྒྱུ། སྐྱེ་ཁམས་སྔོན་གཏོང་དང་། ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། ཡུའེ་ཀང་ཨའོ་གསུམ་གྱི་ཁུག་ཆེན་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ནས་ལག་ལེན་བསྟར་རྒྱུ། ནང་སས་ཞང་ཀང་ཨའོ་མོན་དག་དང་ཕན་རེས་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། ནུབ་རྒྱུད་གསར་སྤེལ་ཆེ་མོའི་སློབ་སྟོན་བསམ་འཆར་གསར་པ་འདོན་རྒྱུ་དང་། བྱང་ཤར་སོགས་པའི་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་དར་རྒྱས་གཏོང་བའི་བྱེད་ཐབས་དོན་འཁྱོལ་བྱེད་པ། དབུས་རྒྱུད་ས་ཁུལ་འབུར་དུ་ཐོན་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་རྒྱུ་རེད། ཐོན་ཁུངས་རྣམ་པའི་ས་ཁུལ་གྱི་དཔལ་འབྱོར་རིགས་སྒྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། རྒྱ་མཚོའི་དཔལ་འབྱོར་རྒྱ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ།

གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ད་ལོ་སླར་ཡང་གྲོང་ཁྱེར་དུ་ཐེམ་ཐོ་ཁྲི་1300བསྒྱུར་ནས་ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་ཇེ་མགྱོགས་སུ་གཏོང་རྒྱུ། སྤྱི་པའི་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དང་། ཚལ་ཁྲོམ་དང་རླངས་འཁོར་འཇོག་ས་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། “གྲོང་ཁྱེར་ནང་གི་གྲོང་ཚོ་”དང་སྡེ་ཁུལ་རྙིང་གྲས་སྒྱུར་བཀོད་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བ་དང་། སྒྲིག་ཆས་ཆ་འགྲིག་འཐུས་སྒོ་ཚང་དུ་བཏང་ནས། ཆ་རྐྱེན་འཛོམས་པར་གློག་སྐས་སྒྲིག་སྦྱོར་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། འཁྱིལ་ཆུ་ཕྱིར་འབུད་ཀྱི་མདོང་དྲ་དང་ས་འོག་གི་ཕྱོགས་བསྡུས་མདོང་ལམ་སོགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་ལྟེ་བ་མིར་ཐུག་པས་ཞིབ་ཚགས་ཅན་གྱི་ཞབས་ཞུ་དང་མི་གཤིས་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། མི་ཚང་མར་འཕེལ་རྒྱས་གཏོང་བའི་གོ་སྐབས་འདྲ་མཉམ་ཡོང་བ་དང་། གྲོང་མི་འཚོ་བ་སྟབས་བདེ་དང་གནས་བསོད་བདེ་པོ་ཡོང་བར་བྱེད་རྒྱུ།

(བདུན།)འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་མ་དངུལ་ཕན་འབྲས་ཐོན་པར་འཇོག་པར་ཡར་སྐུལ་བྱེད་རྒྱུ། གྲོང་མིའི་དགོས་མཁོའི་འགྱུར་བ་གསར་པར་བསྟུན་ནས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གྲུབ་ཚུལ་ལེགས་སྒྲིག་དང་དངུལ་འཇོག་མང་དུ་གཏོང་བར་དམིགས་ནས། མཁོ་སྤྲོད་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་སྤྱིའི་དགོས་མཁོ་འོས་འཚམ་ངང་ཇེ་ཆེར་གཏོང་བའི་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་རྒྱུ།

དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་རིམ་པ་སྤོར་བར་སྐུལ་སྤེལ་བཏང་ནས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་རྒྱུ། ནུས་ཁུངས་གསར་པའི་རླངས་འཁོར་དང་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་སླར་ཡང་ལོ་གསུམ་ནར་འགྱངས་བྱེད་རྒྱུ་དང་། ལག་བརྒྱུད་རླངས་འཁོར་གནས་སྤོ་མི་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྨན་བཅོས་དང་། རྒན་གསོ། སློབ་གསོ། རིག་གནས། ལུས་རྩལ་སོགས་པའི་ཞབས་ཞུ་མཁོ་སྤྲོད་ཇེ་མང་དུ་གཏོང་རྒྱུ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་ནས་རྒྱལ་ཁབ་ལ་དབང་བའི་མཛེས་ལྗོངས་ཁུལ་གཙོ་བོའི་སྒོ་འཛིན་གྱི་རིན་གོང་གཅོག་རྒྱུ། དྲ་ཐོག་ཉོ་ཚོང་དང་མྱུར་སྐྱེལ་སྐྱོན་བྲལ་སྒོ་ནས་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། འཛད་སྤྱོད་པའི་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་མཐུན་ལྟར་ཉེས་ཆད་བཅད་དེ། རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།

མཁོ་སྤྲོད་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་དངུལ་འཇོག་གི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ། ད་ལོ་ལྕགས་ལམ་ལ་མ་དངུལ་སྒོར་དུང་ཕྱུར་7320གཏོང་རྒྱུ་དང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.8ཡས་མས་གཏོང་རྒྱུ། ཆུ་བེད་ཀྱི་སྐྲུན་བཞིན་པའི་རྣམ་གྲངས་ལ་མ་དངུལ་འཇོག་པའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1ཡན་ཟིན་པར་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་གལ་ཆེན་དབུས་ནུབ་ས་ཁུལ་དུ་མུ་མཐུད་དེ་ཕྱོགས་ཆ་ལྡན་པར་བྱེད་རྒྱུ། རེས་སྐོར་གསར་པའི་ལག་རྩལ་གལ་ཆེན་སྒྱུར་བཀོད་རིམ་སྤོར་གྱི་ལས་གཞི་ལག་ལེན་བསྟར་རྒྱུ། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་5376བཀོད་སྒྲིག་བྱས་པ་དེ་ན་ནིང་ལས་སྒོར་དུང་ཕྱུར་300སྤར་ཡོད། དམངས་ཁྲོད་ཀྱི་མ་དངུལ་འཇོག་པར་སྐུལ་ལྕག་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ནས། ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། སྣུམ་རླངས། གློག་འཕྲིན་སོགས་ཁྱབ་ཁོངས་སུ་ཡིད་དབང་འཕྲོག་ཤུགས་ལྡན་པའི་རྣམ་གྲངས་ཁག་གཅིག་ཁྱབ་སྤེལ་བྱས་ཏེ་ཅིས་ནས་ཀྱང་དམངས་ཁྲོད་ཀྱི་མ་རྩ་གཏོང་རྒྱུའི་ཡིད་དབང་འགུག་ཐུབ་པ་དང་འཕེལ་རྒྱས་གཏོང་ཐུབ་པར་བྱེད་རྒྱུ།

(བརྒྱད།) ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པའི་སྐུལ་སྤེལ་གཏོང་རྒྱུ། སྒོ་འབྱེད་ཁྱབ་ཁོངས་དང་རིམ་པ་སྔར་བས་རྒྱ་ཆེར་གཏོང་བ་དང་སྒོ་འབྱེད་ཀྱི་གྲུབ་ཚུལ་དང་བཀོད་པ། སྒྲིག་སྲོལ་དང་ལམ་སྲོལ་བཅས་འཐུས་ཚང་ཡོང་བར་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱེད་རྒྱུ།

“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་སྤེལ་གཏོང་རྒྱུ། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་གྲུབ་འབྲས་དོན་འཁྱོལ་བྱེད་རྒྱུ། རྒྱལ་སྤྱིའི་བགྲོད་ལམ་ཆེན་མོ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ལམ་རྒྱུད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ལས་ཆོད་ཆེ་བའི་འགག་སྒོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་ཞབས་ཞུ་ཕྱིར་བསྐྱོད་པར་སྐུལ་ཁྲིད་བྱེད་རྒྱུ། ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་སྒྲུབ་ཚུལ་བཟང་འགྱུར་བྱེད་རྒྱུ། ནུབ་རྒྱུད་དང་། ནང་ས། མཚོ་རྒྱུད་ཁུལ་བཅས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་མཉམ་ལས་ཀྱི་བར་སྟོང་གསར་པ་ཇེ་ཡངས་སུ་གཏོང་རྒྱུ།

ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པ་བརྟན་པོའི་ངང་འཕར་བའི་ཡར་སྐུལ་བྱེད་རྒྱུ། རྒྱལ་སྤྱིའི་འགྲོ་འོང་གི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་ཚོང་གཉེར་ཀྱི་ཁོར་ཡུག་རྩེ་གྲ་གཏོད་རྒྱུ། སྤྱིར་བཏང་གི་བཟོ་སྐྲུན་ལས་རིགས་ཁྱོན་ཡོངས་ནས་སྒོ་འབྱེད་རྒྱུ་དང་། གློག་འཕྲིན་དང་། སྨན་བཅོས། སློབ་གསོ། རྒན་གསོ། ནུས་ཁུངས་གསར་པའི་རླངས་འཁོར་སོགས་པའི་ཁྱབ་ཁོངས་སྒོ་རྒྱ་ཆེ་རུ་གཏོང་རྒྱུ། དངུལ་ཁང་གི་གཱ་གཙང་རྩིས་རྒྱག་པ་སོགས་པའི་ཚོང་ར་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་རྒྱུ་དང་། ཕྱི་རྒྱལ་གྱི་མ་དངུལ་འགན་བཅོལ་བདག་གཉེར་ཀུང་སིའི་གཉེར་སྐྱོང་བྱེད་ཁྱོན་གྱི་མཚམས་ཚད་མེད་པར་བཟོ་རྒྱུ། དངུལ་ཁང་དང་། འཛིན་ལོར། ཐེབས་རྩ་དོ་དམ། དུས་བཅད་ཚོང་ཟོག དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སི་སོགས་ཕྱི་རྒྱལ་གྱི་མ་རྩའི་མ་རྐང་བསྡུར་ཚད་ཀྱི་ཚོད་འཛིན་ལྷུག་ཏུ་གཏོང་རྒྱུའམ་ཡང་ན་མེད་པར་བཟོ་རྒྱུ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མ་རྩའི་དངུལ་ཁང་ཚོང་རར་བཙུད་འཐུས་ཀྱི་ཚད་གཞི་གཅིག་གྱུར་བཟོ་རྒྱུ། ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་གྱིས་རྒྱལ་ནང་དུ་ཁེ་སྤོགས་བྱུང་རིགས་མ་དངུལ་བསྐྱར་འཇོག་རིམ་བསྲིངས་ཀྱི་ཁྲལ་འཇལ་ལག་ལེན་བསྟར་རྒྱུ། ཕྱི་རྒྱལ་གྱིས་མ་དངུལ་འཇོག་པའི་ཁེ་ལས་འཛུགས་རིམ་སྟབས་བདེ་རུ་བཏང་ནས་ཚོང་དོན་གྲབས་ཐོ་འགོད་པ་དང་བཟོ་ཚོང་ཐོ་འགོད་“དུས་གཅིག་ལ་གཉེར་རྒྱུ།” རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཕྱོགས་ཡོངས་ནས་འདྲ་བཟོ་ཁྱབ་སྤེལ་བྱེད་རྒྱུ་དང་། རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་གནས་བཟང་གསར་ཞིག་གཏོད་རྒྱུ་ཡིན།

ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་ནས་ལེགས་པོར་འཕེལ་ཚུལ་བཟང་པོ་སྲ་བརྟན་དུ་གཏོང་རྒྱུ། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། སྤྱི་ཡོངས་ཀྱི་འགག་སྒྲོལ་བྱེད་ཡུན་སླར་གསུམ་ཆ་གཅིག་ཐུང་དུ་གཏོང་རྒྱུ། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་སྒྱུར་བཅོས་བྱེད་རྒྱུ་དང་། ཉོ་ཚོང་གི་ལས་རྣམ་གསར་པ་དང་གཉེར་སྟངས་གསར་པ་སྐྱེད་སྲིང་བྱེད་རྒྱུ། ལས་སྣོན་ཉོ་ཚོང་དབུས་ནུབ་རྒྱུད་དུ་སྐས་རིམ་བཞིན་དུ་སྤོ་སྒྱུར་ལ་སྐུལ་སྤེ་གཏོང་རྒྱུ། ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཡག་པོར་གཉེར་རྒྱུ་དང་། རླངས་འཁོར་དང་ཉིན་རེའི་འཛད་རྫས་ཁག་གཅིག་སོགས་པའི་ནང་འདྲེན་སྒོ་ཁྲལ་གཅོག་རྒྱུ། ང་ཚོས་ཚོང་རའི་སྒོ་འབྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ་ཐོན་ལས་རིམ་སྤོར་དང་ཉོ་ཚོང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ། འཛད་སྤྱོད་པར་གདམ་ག་སྔར་ལས་མང་པོ་འདོན་སྤྲོད་བྱེད་རྒྱུ་ཡིན།

ཉོ་ཚོང་དང་དངུལ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བའི་ཡར་སྐུལ་བྱེད་རྒྱུ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་སྐུལ་སྤེལ་བཏང་སྟེ་རང་མོས་ཉོ་ཚོང་སྲུང་སྐྱོང་དང་། འབྲེལ་ཡོད་ཕྱོགས་དང་ལྷན་དུ་ཕྱོགས་མང་ཉོ་ཚོང་གི་གྲོས་མོལ་བྱེད་རིམ་ལ་སྐུལ་སྤེལ་བཏང་སྟེ་ཁུལ་ཁོངས་ཕྱོགས་ཡོངས་ནས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་སྔ་ཙམ་འཇོག་ཐུབ་པར་བྱས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རང་མོས་ཉོ་ཚོང་ཁུལ་དང་ཨ་ཤེ་ཡ་ཤར་མའི་དཔལ་འབྱོར་ཐུན་མོང་ཚོགས་པ་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། ཀྲུང་གོས་འདྲ་མཉམ་ཐོག་གྲོས་མོལ་བྱེད་པར་བརྟེན་ནས་ཉོ་ཚོང་གི་རྩོད་གཞི་ཐག་གཅོད་བྱེད་པ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུའི་འདོད་ཚུལ་འཛིན་རྒྱུ་ཡིན།

(དགུ།) དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གོང་འཕེལ་གྱི་རྨང་གཞིའི་ཐོག་དམངས་ལ་ཕན་པའི་དངོས་དོན་མང་ཙམ་སྒྲུབ་པ་དང་། དམངས་འཚོའི་དཀའ་གནད་མང་ཙམ་སེལ་ནས་དམངས་གཙོའི་གཞི་ཐིག་བརྟན་པོར་སྲུང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཀྱི་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།

ལས་ཞུགས་དང་ལས་གཏོད་ལ་ཡར་སྐུལ་གང་ཐུབ་བྱེད་རྒྱུ། ཕྱོགས་མཐའ་ཀུན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གཞི་ཁྱོན་ཆེ་བའི་ལས་རིགས་ཀྱི་རྩལ་ནུས་སྦྱོང་བརྡར་བྱས་ཏེ་“དྲ་སྦྲེལ་+”ལ་བརྟེན་ནས་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་རྒྱུ། ད་ལོ་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་820ལྷག་ཙམ་ཟིན་ ཞིང་། ལོ་རྒྱུས་ཐོག་མང་ཤོས་ཟིན་ཡོད། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ལས་ཞུགས་ལ་ཡར་སྐུལ་དང་། ལས་སྒོ་གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ། དམག་ཞབས་ཐིམས་པའི་དམག་མི་བཀོད་སྒྲིག་གི་ལས་དོན་ཏན་ཏིག་ངང་ནས་ཡག་པོར་བསྒྲུབ་རྒྱུ། དབང་པོ་སྐྱོན་ཅན་སོགས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་པ་ལས་མི་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་ནས་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་རྒྱུ། ངལ་རྩོལ་འབྲེལ་བའི་གྲོས་མོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཕོ་མོ་དང་ཐོབ་ཐང་དབྱེ་ནས་མཐོང་ཆུང་བྱེད་རིགས་མེད་པར་བཟོས་ཐོག ལས་ཞུགས་སྔར་ལས་དྲང་གཞག་དང་སྔར་ལས་འདང་ངེས་ཡོང་བར་བྱེད་རྒྱུ་འདི་རང་རྒྱལ་འཕེལ་རྒྱས་ཀྱི་བཀྲག་མདངས་ཆེ་སར་འགྱུར་བར་བྱེད་རྒྱུ།

གྲོང་མིའི་ཡོང་འབབ་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ། ལས་འཁྱུར་མི་སྣའི་མ་མཐའི་རྒན་གསོའི་འཚོ་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་ཚུལ་མཐུན་བྱེད་རྒྱུ། ལས་ཁུངས་ཀྱི་བྱ་གཞག་ཚན་པའི་གླ་ཕོགས་དང་ཕོགས་སྣོན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དཀའ་ངལ་ཆེ་བའི་ས་ཁུལ་དང་། དམིགས་བསལ་ལས་གནས་ལ་ཕྱོགས་ཆ་ལྡན་པར་བྱེད་རྒྱུ། སྒེར་གྱི་ཐོབ་ཁྲལ་བསྡུ་བའི་འཛུགས་གཞི་མཐོ་རུ་གཏོང་རྒྱུ་དང་། བུ་ཕྲུག་གི་སློབ་གསོ་དང་ནད་ཆེན་སྨན་བཅོས་སོགས་ཀྱི་ཆེད་དམིགས་འགྲོ་གྲོན་གྱི་འཐེན་ཆ་མང་དུ་གཏོང་རྒྱུ། ཚུལ་མཐུན་བཞིན་འཁུར་པོ་ཡང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ངལ་རྩོལ་བྱེད་པར་བརྟེན་ནས་ཡོང་འབབ་མང་པོ་གཏོང་བ་དང་། ཕྱུག་པོའི་ལམ་དུ་བསྐྱོད་པར་བསྔགས་སྐུལ་བྱེད་རྒྱུ།

དྲང་གཞག་དང་སྤུས་ཚད་ཡོད་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་ནས་སློབ་གསོའི་ཐད་མ་དངུལ་འཇོག་རྒྱུ་དེ་དཀའ་གནད་ཆེ་བའི་ས་ཁུལ་དང་ལྷུ་ཚིགས་ཞན་སར་མུ་མཐུད་ཕྱོགས་ཆ་ལྡན་པར་བྱེད་རྒྱུ། གྲོང་གསེབ་ཀྱི་སློབ་མ་སློབ་གྲྭར་འགྲོ་མཚམས་འཇོག་ཚད་དམའ་རུ་ཏན་ཏིག་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་“གྲངས་ཚད་ལས་བརྒལ་བའི་འཛིན་གྲྭ”མེད་པ་བཟོ་བར་དམ་འཛིན་བྱེད་རྒྱུ། སློབ་གྲྭ་ཆུང་འབྲིང་གི་སློབ་གསེང་ཁུར་པོ་ལྕི་བའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་རྒྱུ་བཅས་ཡིན། བྱིས་པ་ནི་མི་རིགས་ཀྱི་མ་འོངས་པ་དང་། ཁྱིམ་ཚང་གི་རེ་སྨོན་ཡིན་པས། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བ་དང་། དྲ་སྦྲེལ་སོགས་པའི་ཆ་འཕྲིན་ཅན་གྱི་ཐབས་ལ་བརྟེན་ནས་བྱིས་པ་བཅོལ་སྐྱོང་བྱེད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཐོག ངེས་པར་དུ་ཁྱིམ་བདག་སེམས་ཁྲལ་མེད་པ་དང་བློ་བདེ་ཡོང་བར་བྱེད་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལས་རིགས་སློབ་གསོ་གཉེར་བར་རྒྱབ་སྐྱོར་བྱེད་རྒྱུ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་ལ་སྐུལ་སྤེལ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ནས་མཐོ་རིམ་སློབ་གསོའི་གྲུབ་ཚུལ་ལེགས་སུ་གཏོང་བ་དང་། “རྩེར་སོན་གཉིས་”འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ཐོག དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་དམིགས་བསལ་ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་སློབ་ཆེན་བསྐྲུན་པར་རྒྱབ་སྐྱོར་བྱེད་རྒྱུ། གྲོང་ཚོ་དང་དབུལ་ཕོངས་ས་ཁུལ་གྱི་ཆེད་དམིགས་སློབ་བསྡུའི་འཆར་གཞི་མུ་མཐུད་ལག་བསྟར་བྱེད་རྒྱུ། མི་རིགས་ཀྱི་སློབ་གསོ་དང་། དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ། དྲ་ཐོག་སློབ་གསོ་བཅས་འཕེལ་རྒྱས་གཏོང་རྒྱུ། དགེ་རྒན་གྱི་དཔུང་ཁག་དང་དགེ་རྒན་གྱི་ཀུན་སྤྱོད་སློབ་སྲོལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་མི་ཚང་མར་འདྲ་མཉམ་ཐོག་སློབ་གསོར་བརྟེན་ཏེ་ལས་དབང་བསྒྱུར་བ་དང་མི་ཚེའི་ཕུགས་འདུན་འགྲུབ་པའི་གོ་སྐབས་རག་པར་བྱེད་རྒྱུ།

བདེ་ཐང་གི་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ། མ་མཐའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་འགན་སྲུང་གི་ཆུ་ཚད་མཐོ་རུ་བཏང་སྟེ། གྲོང་མིའི་མ་མཐའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་རོགས་དངུལ་ཚད་གཞི་ཡང་བསྐྱར་མི་རེར་ཆ་སྙོམས་སྒོར་40རེ་མང་དུ་གཏོང་རྒྱུ་ཡིན་ཞིང་། དེའི་ཕྱེད་ཀ་ནད་ཆེན་འགན་བཅོལ་བྱེད་བྱར་སྤྱོད་རྒྱུ། ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་སྐབས་ཐད་ཀར་དུས་རྩིས་རྒྱག་པའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ་གཞི་རིམ་སྨན་ཁང་དང་། ཕྱིར་སྐྱོད་ཞིང་པ་ལས་མི། ཕྱི་ནས་ཡོང་བའི་ལས་ཞུགས་དང་ལས་གཏོད་མི་སྣ་སོགས་ཚང་མ་དེའི་ཁོངས་སུ་འཇུག་རྒྱུ། མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་དབྱེའི་སྨན་བཅོས་སྐུལ་སྤེལ་གཏོང་རྒྱུ། མ་མཐའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ། མ་བུ་བདེ་སྲུང་གི་ཞབས་ཞུ་ལེགས་སུ་གཏོང་རྒྱུ། ཀྲུང་ལུགས་སྨན་རྫས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱེད་རྒྱུ་དང་། དྲ་སྦྲེལ་དང་གཞི་གྲངས་ཆེ་མོ་སོགས་སྤྱོད་པར་སྣང་ཆེན་བྱས་ཏེ་ལྟ་སྐུལ་དོ་དམ་ཀྱི་ཕན་ནུས་ཆེ་རུ་བཏང་ཐོག གོ་རིམ་ཧྲིལ་པོར་ཤུལ་རྗེས་ཡོད་པ་དང་། ཆ་འཕྲིན་ཁུངས་འདེད་ཐུབ་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། བཟོ་འཚོང་ཁྲིམས་འགལ་ཐོག་ནས་བྱེད་མཁན་ཁྲིམས་རྒྱ་ཐར་ཐབས་བྲལ་བ་དང་། འཛད་སྤྱོད་པ་བློ་དོགས་མེད་པར་ཉོ་ཞིང་། བློ་དོགས་མེད་པར་སྤྱོད་པར་འགྱུར་བར་བྱེད་རྒྱུ། པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་པའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་གནས་དང་སྒྲིག་བཀོད་མང་དུ་བཏང་ཐོག མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ཡོང་བ་དང་། ཁ་ངོ་ཡར་ལྟ་ཡོང་བར་བྱས་ཕྱིན། རྒྱལ་ཁབ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། དར་རྒྱས་ཕུན་སུམ་ཚོགས་པོར་འགྱུར་ངེས་རེད།

མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་སྔར་ལས་ལེགས་པོར་བྱེད་རྒྱུ། ལོ་གསུམ་གྱི་ནང་སྡོད་ཁང་ཐབ་ཆགས་ཁུལ་བསྒྱུར་བཀོད་བྱེད་པའི་འགག་སྒྲོལ་འཆར་གཞི་གསར་པ་ལག་བསྟར་བྱེད་འགོ་བརྩམ་རྒྱུ་དང་། ད་ལོར་ཁང་པ་ཆ་འགྲིག་580སྐྲུན་འགོ་འཛུགས་རྒྱུ། བོགས་གཏོང་གཞུང་ཁང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཡོང་འབབ་དམའ་ཞིང་། སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་འགན་ལེན་དགོས་རིགས་ཆ་ཚང་འགན་ལེན་བྱེད་རྒྱུ་དང་། ཆ་རྐྱེན་ཚང་ཡང་ཁང་པ་མེད་པ་དང་ལས་ཀར་ཞུགས་མ་ཐག་པའི་ལས་བཟོ་པ་དང་ཕྱི་ནས་ཡོང་བའི་ལས་མི་རྣམས་འགན་སྲུང་བྱེད་ཁོངས་སུ་འཇུག་རྒྱུ། ཁང་པ་ནི་སྡོད་གནས་ཡིན་པ་ལས་ཚོང་བྱེད་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ཏེ། ས་ཁུལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། ཁྱད་པར་ལྡན་པའི་སྙོམས་སྒྲིག་མུ་མཐུད་བྱས་ཐོག ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་ཡར་སྐུལ་བྱེད་རྒྱུ། གྲོང་མི་རང་ཉིད་ཀྱི་སྡོད་ཁང་ཉོ་སྒྲུབ་ཀྱི་དགོས་མཁོར་རྒྱབ་སྐྱོར་བྱེད་པ་དང་། སྡོད་ཁང་བོགས་གཏོང་གི་ཚོང་ར་སྐྱེད་སྲིང་བྱས་ཐོག བདག་དབང་ཐུན་མོང་ལ་དབང་བའི་སྡོད་ཁང་འཕེལ་རྒྱས་གཏོང་རྒྱུ། བྱེད་པོ་མང་པོས་འདོན་སྤྲོད་དང་། ཐབས་ལམ་མང་པོར་བརྟེན་ནས་འགན་སྲུང་། བོགས་ཉོ་མཉམ་འཛིན་བཅས་ཀྱི་སྡོད་ཁང་ལམ་ལུགས་གང་མགྱོགས་བཙུགས་ནས་རྒྱ་ཆེའི་མང་ཚོགས་སྔ་ཙམ་བདེ་འཁོད་དང་གནས་ཟོས་བདེ་པོ་ཡོང་བར་བྱེད་རྒྱུ།

དམངས་འཚོའི་གཞི་ཐིག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། སྤྱི་ཚོགས་རོགས་སྐྱོབ། གོད་སོས་གཟིགས་སྐྱོང་སོགས་ཀྱི་ཚད་གཞི་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་བཅལ་ནས་ཁྱིམ་ཚང་དང་། སྡེ་ཁུལ། རོགས་རེས་ཚུལ་གྱི་རྒན་གསོ་བཅས་འཕེལ་རྒྱས་གཏོང་རྒྱུ། གསོ་བཅོས་ཟུང་འབྲེལ་ལ་སྐུལ་སྤེལ་བཏང་ནས་རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། སྔོན་གཤེགས་དཔའ་བོའི་ནང་མིར་གཟིགས་སྐྱོང་གི་ལས་དོན་ཡག་པོར་བསྒྲུབ་རྒྱུ། དབང་པོ་སྐྱོན་ཅན་པར་ལུས་གསོའི་ཞབས་ཞུ་བསྒྲུབ་པར་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་རོགས་བྱེད་རྒྱུ། འདེགས་སྐྱོར་གྱི་ལས་དོན་བརྩེ་བས་འབད་སྒྲུབ་ཐོག་ནས། དོན་དག་དཀའ་བའི་དབང་གིས་ཡ་གཡར་མི་བྱེད་པ་དང་། དགེ་ལས་ཆུང་བའི་དབང་གིས་མི་སྒྲུབ་པ་མི་བྱེད་པར། དཀའ་ངལ་གྱི་གནས་སུ་གྱར་མི་ཚང་མར་སྤྱི་ཚོགས་ཀྱི་དོ་ཁུར་དང་དྲོ་སྐྱིད་ཐོབ་པར་བྱེད་རྒྱུ།

མཉམ་སྐྲུན་དང་། མཉམ་བཅོས། མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གཏོད་རྒྱུ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་པའི་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོར་བྱེད་རྒྱུ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན། དང་བླངས་པའི་ཞབས་ཞུ་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་ཡར་སྐུལ་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ། བུད་མེད་ལ་བརྩི་འཇོག་དང་། བྱིས་པར་བྱམས་སྐྱོང་། རྒན་རྒོན་ལ་བརྩི་བཀུར། དབང་པོ་སྐྱོན་ཅན་པར་ཐུགས་ཁུར་བཅས་བྱེད་པའི་དར་སྲོལ་བཟང་པོ་ཞིག་བསྐྲུན་རྒྱུ། ཡིག་འབུལ་ཞུ་བཅར་གྱི་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་ལུགས་མཐུན་ཞུ་བ་རང་སར་ཁྲིམས་མཐུན་བཞིན་དུས་ཐོག་ཏུ་ཐག་གཅོད་བྱེད་རྒྱུ། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོར་བྱས་ཏེ་དོན་རྐྱེན་ཚབས་ཆེན་དང་དམིགས་བསལ་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱེད་རྒྱུ། ས་ཡོམ་དང་། གནམ་གཤིས། ས་གཤིས་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས་གེགས་འགོག་གེགས་སེལ་དང་རྒུད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ནས་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་འགོག་ཟོན་ནན་པོ་དང་དེར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་དང་། ནགས་ཚོགས་བརླག་བཅོམ་གྱི་ཆེད་དམིགས་འཐབ་རྩོད་ཁྲིམས་མཐུན་ལྟར་སྤེལ་རྒྱུ། རྐུ་འཕྲོག་མགོ་སྐོར་འཆལ་རྒྱན་དུག་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་ཆད་པ་ནན་པོར་གཅོད་རྒྱུ། གློག་འཕྲིན་དྲ་སྦྲེལ་ལ་བརྟེན་ནས་ཁ་བསླུས་རྒྱག་པ་དང་། སྤྱི་དམངས་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བྱེད་པ། དྲ་ཐོག་བརྒྱུད་འཚོང་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་བཅོས་སྐྱོང་བྱས་ཐོག རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ།

མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བར། བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པོ་འདོན་སྤྲོད་བྱེད་རྒྱུ། ཀྲུང་ཧྭའི་སྔོན་ཐོན་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བཅས་བྱེད་དགོས། བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་གང་མགྱོགས་བྱས་ནས་རིག་རྩལ་གསར་རྩོམ་ཕུན་སུམ་ཚོགས་སུ་བཏང་སྟེ་གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་བརྙན་འཕྲིན། ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་མཛོད་དཔེ་གསར་ལེགས་པོར་བསྐྲུན་རྒྱུ། དྲ་སྦྲེལ་གྱི་ནང་དོན་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་གནས་དམངས་ཕན་གི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་རིག་གནས་ཀྱི་ལས་རྣམ་དཔེ་གསར་སྐྱེད་སྲིང་བྱེད་རྒྱུ། ཀྲུང་ཕྱིའི་མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བར་བརྟེན་ནས། མི་རིགས་བསྐྱར་དར་གྱི་བརྗིད་རྔམ་ལྡན་པའི་བསམ་པའི་སྟོབས་ཤུགས་འདུས་པར་བྱེད་རྒྱུ་ཡིན།

འཐུས་མི་རྣམ་པ།

དུས་རབས་གསར་པར་སླེབས་པས། ལོ་གསར་པར་སྲིད་གཞུང་གི་ལས་དོན་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པར་བྱེད་རྒྱུ་ཡིན། “འདུ་ཤེས་བཞི”བརྟན་པོར་འཆང་བ་དང་། “གདེང་ཚོད་བཞི”བརྟན་པོའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་སྤེལ་གཏིང་ཟབ་བཏང་ཐོག མི་དམངས་ལ་སྤུས་ཕན་གཉིས་ལྡན་གྱི་ཞབས་ཞུ་བསྒྲུབ་རྒྱུ།

རྩ་ཁྲིམས་གཞིར་བཟུང་སྲིད་སྐྱོང་དང་། ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ནན་པོར་ཞུས་ཏེ་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་འཛུགས་སྐྱོང་བྱས་ནས་སྲིད་གཞུང་གི་བྱེད་སྒོ་མཐའ་དག་ཁྲིམས་སྐྱོང་གི་ལམ་བུར་སྐྱོད་ཐུབ་པ་བྱེད་རྒྱུ། དྲང་གཞག་ཤེས་དཔལ་ལྡན་པའི་ཁྲིམས་བསྟར་ལས་དོན་ཚད་ལྡན་ནན་པོ་བཟོ་རྒྱུ་མཐའ་འཁྱོངས་བྱས་ཏེ། དབང་ཆ་ཡོད་ཀྱང་རང་དགར་སྤྱོད་མི་ཆོག་པ་དང་། དབང་ཆ་སྤྱོད་སྐབས་ངེས་པར་དུ་ལྟ་སྐུལ་དང་ལེན་ཞུ་དགོས། སྲིད་གཞུང་རིམ་པ་གིས་ཁྲིམས་མཐུན་བཞིན་རིམ་མཚུངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་ཞུ་བ་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་བ། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུ་བ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་དགོངས་འཆར་ཉན་འཇོག་ནན་ཏན་བྱེད་པ་དང་། དམངས་གཙོའི་ཏང་ཤོག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་ཁག་བཅས་ཀྱི་བསམ་འཆར་ཉན་འཇོག་བྱེད་རྒྱུ། སྲིད་གཞུང་གིས་ཁ་གདན་ཚིག་ལ་གནས་པར་བྱེད་དགོས་པ་ལས། “དཔོན་གསར་གྱིས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི་རིགས་”གཏན་ནས་བྱེད་མི་རུང་། སྲིད་དོན་ཡོངས་བསྒྲགས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ། ཚན་རིག་དང་། དམངས་གཙོ། ཁྲིམས་མཐུན་བཅས་ཀྱི་འཐབ་ཇུས་འགོད་པ་མཐའ་འཁྱོངས་བྱས་ཏེ། སྤྱི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ཡིན་ཕྱིན། སྐྱོན་བརྗོད་ཀྱི་བསམ་འཆར་ཚུད་པའི་ཕྱོགས་གང་ཅིའི་བསམ་འཆར་ཉན་འཇོག་གཏིང་ཟབ་བྱེད་རྒྱུ། མི་དམངས་སྲིད་གཞུང་གི་ལས་དོན་ཚང་མར་མི་དམངས་ཀྱི་བསམ་འདུན་མངོན་ཐུབ་པར་བྱེད་དགོས་ཤིང་། ལས་དོན་ཡག་པོ་སྒྲུབ་ཐུབ་མིན་གྲུབ་འབྲས་དངོས་ལ་ལྟ་དགོས་པ་དང་། མཐའ་མར་མི་དམངས་ཀྱིས་ཤན་འབྱེད་རྒྱུ།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”སློབ་སྦྱོང་གི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་སྐུལ་སྤེལ་བཏང་ནས། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་བྱ་གཙོ་བོའི་སློབ་གསོ་ནན་ཏན་སྤེལ་རྒྱུ། ཏང་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱུན་བསྲིང་ལྷོད་མེད་ངང་ནས་“སྤྱོད་ཚུལ་བཞི”བཅོས་སྐྱོང་བྱེད་པ་དང་། ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་དགོས་པ་ཡིན། རྩིས་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་གནས་བབ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་དབང་ཆ་ལམ་ལུགས་ཀྱི་གཟེམ་མའི་ནང་དུ་བཅུག་ཐོག རུལ་སུངས་ཀྱི་བྱ་སྤྱོད་རིགས་ལ་ཆད་པ་མཐའ་གཅིག་ཏུ་གཅོད་རྒྱུ། སྲིད་གཞུང་གི་ལས་མིས་སྤྱོད་གཙང་བློ་སྦྱོང་དང་རང་འགན་འབད་སྒྲུབ། སྤྱོད་པ་དྭངས་གཙང་བཅས་ཐོག་ནས་མི་དམངས་ཀྱི་དོན་དུ་ལས་དོན་སྒྲུབ་སྟེ། མི་དམངས་ཀྱི་སྤྱི་ཞབས་པའི་མཚན་སྙན་སྟོང་ཟད་དུ་མི་གཏན་ནས་མི་འགྲོ་བར་བྱེད་རྒྱུ།

སྲིད་གཞུང་གི་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་སྒྲིག་གཞི་འཛུགས་ལུགས་དང་འགན་ནུས་བགོ་སྒྲིག་བཟང་འགྱུར་དང་། སྒྲིག་གཞི་སྒྱུར་བཅོས་ཟབ་དུ་སྤེལ་ནས། འགན་འཁྲི་ཁ་གསལ་དང་ཁྲིམས་མཐུན་བཞིན་སྲིད་འཛིན་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་ཆགས་པར་བྱས་ཐོག སྤྱི་མོས་ཇེ་ཆེ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀྲུང་གོ་སྒྱུར་བཅོས་འཕེལ་རྒྱས་གཏོང་བའི་ཁྲོད་ཐོབ་པའི་གྲུབ་འབྲས་མཐའ་དག་འབད་པས་བསྒྲུབས་པ་ཤ་སྟག་ཡིན་པས། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་དོན་སྒྲུབ་མཁན་ལ་མཚོན་ན། མི་དམངས་ཀྱི་དོན་དུ་ལས་དོན་སྒྲུབ་པ་ནི་རང་འགན་རྩོད་མེད་མིན་པས། ལས་ཀ་མ་བྱས་ན་འགན་འཛོལ་རེད། སྐུལ་ལྕག་བཅུན་སྡོམ་བྱེད་པ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལས་སྒྲུབ་གསར་གཏོད་མཁན་ལ་ལྟ་བ་གསལ་སྟོན་གྱིས་རྒྱབ་སྐྱོར་ངར་སློང་དང་། སྲིད་འཆལ་སྲིད་གཡེང་མཁན་གྱི་འགན་འཁྲི་རྩད་གཅོད་ནན་པོར་བྱས་ཐོག རྣམ་འགྱུར་འདོན་པ་མང་ཞིང་འུད་ཤོབ་ཆེ་ནའང་། སྒྲུབ་པ་ཉུང་ལ་དོན་འཁྱོལ་ཞན་པའི་རིགས་གཏན་ནས་བྱེད་མི་རུང་། གོ་གནས་བཟུང་ནས་ལས་དོན་མི་སྒྲུབ་པའི་རིགས་གཏན་ནས་བྱས་མི་ཆོག རྒྱ་ཆེའི་ལས་བྱེད་པས་ཆབ་སྲིད་ཀྱི་བྱང་ཚད་དང་ལས་ཀའི་འཇོན་ཐང་ཆེ་རུ་བཏང་སྟེ་གདོང་མཆོང་དང་འབད་འཐབ་ཀྱི་ངར་ཤུགས་དང་སེམས་ཤུགས་ཆེར་སྐྱེད་ཀྱིས་བྱས་རྗེས་མིག་མཐོང་ལག་ཟིན་འཇོག་ཐུབ་པ་དང་། དམངས་ཀྱི་བསྟོད་ར་ཐོབ་པ། འགྲན་བརྩོན་གཅིག་ཤོར་གཉིས་ཤོར་གྱི་རྣམ་པ་གསོན་རྗེན་ཞིག་གཏོད་ཐུབ་པ་བཅས་བྱེད་རྒྱུ།

འཐུས་མི་རྣམ་པ།

ཀྲུང་ཧྭ་མི་རིགས་ནི་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེ་མོ་ཞིག་རེད། ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ལ་འཕེལ་རྒྱས་གཏོང་རོགས་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དང་ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་ཡག་པོར་བྱེད་རྒྱུ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྩ་བ་སྔར་བས་བརྟན་པོ་དང་། འབྲེལ་ཐག་སྔར་བས་བརྟན་དུ་གཏོང་ཐུབ་པར་བྱེད་རྒྱུ།

ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས། ཆོས་ལུགས་ཀྱི་འབྲེལ་བ་སྐྱོན་བྲལ་ཞི་མཐུན་ཡོང་བར་བྱས་ཐོག ཆོས་ཕྱོགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ།

ང་ཚོས་ཕྱི་དོན་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཁྲོད། ཁོང་ཚོར་དམིགས་བསལ་ལེགས་ཆ་དང་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་ལྷག་པ་བྱེད་རྒྱུར་ཆ་རྐྱེན་སྔར་ལས་ལེགས་པར་བསྐྲུན་ནས་རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཐུན་མོང་ཐོག་འབད་འཐབ་དང་། ལྷན་དུ་འོད་སྟོང་འབར་བའི་མ་འོངས་པ་གཏོད་རྒྱུ།

འཐུས་མི་རྣམ་པ།

རྒྱལ་ཁབ་ཀྱི་བདེ་འཇགས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་དམིགས་ཏེ། ང་ཚོས་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དམིགས་ཚད་སྣེ་འདྲེན་དུ་བྱས་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཁྲོད་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དགོངས་དོན་སློབ་སྟོན་གྱི་གནས་བབ་བརྟན་པོ་བཙུགས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ་དམག་སྦྱོང་དམག་གྲབས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་དང་མཐའ་གཅིག་ཏུ་བྱེད་རྒྱུ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་རྒྱུ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་མུ་མཐུད་སྐུལ་སྤེལ་བཏང་ནས་དེང་རབས་ཀྱི་མཐའ་སྲུང་དང་། མཚོ་སྲུང་། མཁའ་སྲུང་བཅས་སྟོབས་ཆེ་དང་བརྟན་པོར་འཛུགས་སྐྱོང་བྱེད་རྒྱུ། རྒྱལ་སྲུང་སྐུལ་སློང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། སྲིད་གཞུང་རིམ་པ་ཁག་གིས་བྱ་ཐབས་སྔར་བས་ནུས་ལྡན་སྤྱད་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཐོག དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་དེ་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པ་དང་། རྩ་བ་ཟབ་ཅིང་ལོ་འདབ་རྒྱས་པར་བྱེད་རྒྱུ།

འཐུས་མི་རྣམ་པ།

ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ནས་མུ་མཐུད་ལག་བསྟར་གནད་འཁེལ་བྱས་ཏེ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་བཞིན་ལས་དོན་ནན་ཏན་བསྒྲུབ་རྒྱུ། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་དབུ་གཙོས་ཁྲིམས་མཐུན་བཞིན་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། དམངས་འཚོ་རྒྱུན་མཐུད་ལེགས་བཅོས། དམངས་གཙོར་རིམ་ལྡན་སྐུལ་སྤེལ། སྤྱི་ཚོགས་ཞི་མཐུན་ཡོང་བར་ཡར་སྐུལ་བཅས་བྱེད་རྒྱུ། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་སུ་མཉམ་འདྲེས་ཐུབ་པའི་རོགས་སྐྱོར་བྱས་ཐོག ནང་ས་དང་ཀང་ཨའོ་ས་ཁུལ་དབར་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་རྒྱུ། ཤང་ཀང་དང་ཨའོ་མོན་གཉིས་པོ་མེས་རྒྱལ་ནང་ས་དང་དུས་གཅིག་ཏུ་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་ཐུབ་ངེས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད།

ང་ཚོས་ཐའེ་ཝན་ལ་འཛིན་པའི་ལས་ཀའི་སྲིད་ཇུས་དང་མཛད་ཕྱོགས་ཆེ་མོ་མུ་མཐུད་ལག་བསྟར་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་“གོ་གཉིས་ངོས་འཛིན་གཅིག་མཐུན་”གྱི་རྨང་གཞིའི་ཐོག ངོགས་གཉིས་ཀྱི་འབྲེལ་བ་ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། མེས་རྒྱལ་ཞི་བའི་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་གཏོང་བའི་ཇུས་ངན་དང་སྤྱོད་ངན་རིགས་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་སྤུན་ཟླ་ཐའེ་ཝན་པ་སྐམ་ས་ཆེ་མོར་སློབ་སྦྱོང་དང་། ལས་གཏོད། ལས་ཞུགས་བཅས་དང་འཚོ་བ་སྐྱེལ་བར་སྤུན་ཟླ་སྐམ་ས་ཆེ་མོ་བ་དང་འདྲ་མཉམ་གྱི་ཐོབ་ཐང་རིམ་བཞིན་སྤྲོད་རྒྱུ་ཡིན། ངོགས་གཉིས་རྩ་བ་གཅིག་དང་ཤ་རུས་འདྲེས་མའི་གཉེན་ཉི་བཞིན་ཡིན། ངོགས་གཉིས་ཀྱི་སྤུན་ཟླས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་མི་རིགས་ཀྱི་བདེན་དོན་མཉམ་འཁུར་བྱས་ཕྱིན། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་མཛེས་སྡུག་ལྡན་པའི་མ་འོངས་པ་ལྷན་དུ་གཏོད་ཐུབ་ངེས་རེད།

འཐུས་མི་རྣམ་པ།

ཀྲུང་གོ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་དམ་ཟབ་འབྲེལ་ཡོད་ཅིང་། ལས་དབང་དང་སྐྱིད་སྡུག་མཉམ་མྱོང་ཡིན། ང་ཚོས་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་རྒྱུན་འཁྱོངས་ལྷོད་མེད་ངང་བསྐྱོད་དེ། རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱ་ཐབས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ནང་ཧུར་ཐག་ཞུགས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྱོང་བྱེད་རྒྱུར་གཞོལ་རྒྱུ། རྒྱལ་ཁབ་ཆེན་མོ་མཐུན་སྦྱོར་མཉམ་ལས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས། མཐའ་སྐོར་རྒྱལ་ཁབ་དང་ཁྱིམ་མཚེས་ལྟ་བུའི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་ཐོག འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། པོའོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་གཙོའི་ཚོགས་འདུ། ཀྲུང་གོ་དང་ཨ་ཧྥེ་རི་ཀའི་མཉམ་ལས་གླེང་སྟེགས་དབུ་གཙོའི་ཚོགས་འདུ་སོགས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་ལས་དོན་ཡག་པོར་བསྒྲུབ་རྒྱུ། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་པར་འགན་འཁུར་བའི་རྒྱལ་ཁབ་ཆེན་མོའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་རྒྱུ། རྒྱལ་ཕྱིའི་ཁེ་ཕན་ཉེན་མེད་འགན་སྲུང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྱི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན།

འཐུས་མི་རྣམ་པ།

མཐུན་སྒྲིལ་སྟོབས་ཤུགས་རྡོག་རྩ་གཅིག་ཏུ་བསྒྲིལ། དངོས་དོན་སྒྲུབ་ནས་མ་འོངས་གསར་དུ་གཏོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་ང་ཚོས་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་བྱས་ནས་འབད་འབུངས་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ཐོག དཔལ་འབྱོར་དང་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་བརྩོན་ལེན་བྱེད་ཆེད་དང་། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཏུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཏུ་འཛུགས་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་དྲུང་ཡིག་ཁང་གིས།

2018ལོའི་ཟླ་3ཚེས་4ཉིན།

(ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱིས་བསྒྱུར།)

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།